༡༩༨༧ ལོར་རྒྱ་རྒོལ་ལས་འགུལ་བྱུང་ནས་ལོ་སུམ་ཅུ་འཁོར་བའི་སྙན་ཐོ།

བོད་ནང་༡༩༨༧ ལོ་དང་། ༡༩༨༨།༡༩༨༩ ལོ་བཅས་སོ་སོར་བོད་ཀྱི་རྒྱལ་ས་ལྷ་སར། རྒྱ་ནག་གིས་བོད་དབང་བསྒྱུར་བྱས་པར་ངོ་རྒོལ་གྱི་ལས་འགུལ་སྤེལ་ནས། ལོ་སུམ་ཅུ་འཁོར་བ་དང་བསྟུན། བོད་གནས་ལྟ་ཞིབ་ཁང་གིས་གནས་ཚུལ་དེའི་སྐོར་ལ་སྙན་ཐོ་ཞིག་བཏོན་ཡོད་པ་རེད།

ཟླ་འདིའི་ཚེས་༨ ཉིན་བོད་གནས་ལྟ་ཞིབ་ཁང་གིས་དྷ་ས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་གི་སྒོ་འགྲམས་དེར་ལས་འགུལ་དེའི་སྐབས་ཀྱི་པར་རིས་འགྲེམས་སྟོན་བྱས་པ་དང་། ཟླ་འདིའི་ཚེས་༩ ཉིན་དྷ་ས་ནོར་བུ་གསོལ་མགྲོན་ཁང་དུ་གཏམ་བཤད་བགྲོ་གླེང་ཞིག་གོ་སྒྲིག་བྱས་ཡོད་པ་རེད། སྐབས་དེར་དྷ་སའི་བོད་གནས་ལྟ་ཞིབ་ཁང་གི་ཉམས་ཞིབ་པ་དབང་ལྡན་སྐྱབས་ཀྱིས་ལས་འགུལ་ངོ་སྤྲོད་དང་། ཆབ་སྲིད་བཙོན་ཟུར་ངག་དབང་འོད་འབར་གྱིས་སྐབས་དེའི་ལས་འགུལ་བྱུང་རིམ་དང་དམིགས་ཡུལ་ངོ་སྤྲོད། ༡༩༨༨ ལོའི་ལས་འགུལ་སྐབས་དངོས་སུ་མཐོང་མཁན་ཕྱི་རྒྱལ་བ་ཁེར་སི་ཊ(Christa Meindersma) དང་། (ཁོང་ནི་༡༩༨༨ ལོར་ལྷ་སར་ལས་འགུལ་སྤེལ་སར་ཡོད་པས། རྒྱ་ནག་གཞུང་གིས་ལས་འགུལ་བར་དྲག་གནོན་སྐབས། མོ་ལ་ཡང་མེ་མདའ་ཐེབས་ནས་རྨས་སྐྱོན་བྱུང་ཡོད་པ་རེད།) བོད་གནས་ལྟ་ཞིབ་ཁང་གིས་དབུས་འགན་འཛིན་ཨེ་ལེ་ནོལ་(Eleanor Byrne-Rosengren) གྱིས་སྙན་ཐོ་ངོ་སྤྲོད་བཅས་བྱས་ཡོད་པ་རེད།
རྒྱ་ནག་གིས་བོད་དབང་བསྒྱུར་བྱས་ཡོད་པར། ༡༩༨༧ ལོའི་ཕྱི་ཟླ་༩ ཚེས་༢༧ ཉིན་འབྲས་སྤུངས་དགོན་པའི་གྲྭ་པ་༢༢ ཀྱིས་སྣེ་ཁྲིད་དེ་རྒྱ་གཞུང་ལ་ངོ་རྒོལ་བྱེད་མཁན་གྱི་གྲལ་དུ་ཡོད་པ། ཆབ་སྲིད་བཙོན་ཟུར་ངག་དབང་འོད་འབར་གྱིས་དེའི་སྐབས་ཀྱི་གནས་ཚུལ་སྐོར་ངོ་སྤྲོད་སྐབས། ཁོང་གིས་རྒྱ་ནག་གིས་བོད་ལ་དབང་བསྒྱུར་བཙན་འཛུལ་བྱས་རྗེས་༡༩༨༧ ལོའི་ལས་འགུལ་དེ་མི་རབས་གསར་པའི་སྣེ་ཁྲིད་པའི་ལས་འགུལ་ཐོག་མ་དེ་ཆགས་ཀྱི་ཡོད་པ་དང་། ཐོག་མར་ཉིན་ཤས་སྔོན་ཁོང་ཚོ་གྲྭ་པ་བློ་ཁ་མཐུན་པ་༢༢ གྲོས་བསྡུར་བྱས་ཏེ། ཞི་བའི་སྐད་འབོད་བྱེད་རྒྱུ་འགོ་བཙུགས་ཡོད་པ་རེད། དེའི་སྐབས་གྲྭ་པ་གཅིག་གི་ལས་འགུལ་བ་ཚོ་རྒྱ་ནག་གིས་གསོད་པ་བཙོན་འཇུག་བྱས་པ་སོགས་ག་འདྲ་བྱུང་མིན་ནང་མིར་ངོ་སྤྲོད་ཆེད་བསྡད་ཡོད་པ་རེད། ཁོང་ཚོས་བར་སྐོར་ནང་ནས་འགོ་འཛུགས་བྱས་ཏེ། ཞི་བའི་སྐད་འབོད་བྱས་ཏེ། མི་མང་སྲིད་གཞུང་གི་སྒོ་བར་སོང་བ་དང་། མི་མང་མང་པོ་མཉམ་ཞུགས་བྱས་ཡོད་པ་རེད། དེ་ནས་རྒྱ་ནག་གཞུང་གིས་ལས་འགུལ་བ་རྣམས་ལ་རྡུང་རྡེག་དང་བཙོན་འཇུག་བྱས་ཡོད་པ་རེད།

ངག་དབང་འོད་འབར་གྱིས་སྐབས་དེའི་ལས་འགུལ་གྱི་དགོས་འདུན་སྐོར་ངོ་སྤྲོད་གནང་དོན། སྐབས་དེར་འབོད་ཚིག་“བོད་རང་བཙན་ཡིན་པ་དང་། ༧སྐྱབས་མགོན་རིན་པོ་ཆེ་སྐུ་ཚེ་ཁྲི་ལོར་བརྟན་དགོས་པ། རྒྱ་ནག་གཞུང་བོད་ནས་ཕྱིར་འཐེན་བྱེད་དགོས་པ་བཅས་རེད་ལ། སྦྱར་ཡིག་ཀྱང་དེ་རེད་”ཅེས། གསང་བ་ཕྱི་ལ་ཤོར་ཉེན་གྱིས་དུས་ཚོད་རིང་པོར་གོ་སྒྲིག་བྱེད་མ་ཐུབ་སྐོར་དང་། ལས་འགུལ་བར་རྒྱ་ནག་གིས་མནར་གཅོད་སྐོར། དེ་ནས་བཟུང་སྟེ། ལོ་དེ་དང་། ༡༩༨༧ ལོ་དང་༡༩༨༩ ལོ་རིམ་པས་ལས་འགུལ་རྒྱུན་ཆད་མེད་པར། ད་ལྟ་ཡང་རྒྱ་ནག་གཞུང་ལ་མུ་མཐུད་ངོ་རྒོལ་བྱེད་བཞིན་ཡོད་སྐོར་ངོ་སྤྲོད་བྱས་སོང་།།
གསར་འགོད་པ་ཆོས་ཉིད་འོད་ཟེར།

Search

|གླ་ཡོད་གསལ་བསྒྲགས། |

|| ཟུར་ཟའི་རི་མོ། ||