ཨ་རིའི་སྲིད་འཛིན་འོས་མིའི་བར་གྱི་བགྲོ་གླེང་མཐའ་མའི་རྩོད་སྒྲུབ།

ཨ་རིའི་སྤྱི་མཐུན་ཚོགས་པའི་སྲིད་འཛིན་འོས་མི་སྐུ་ཞབས་ཊི་རམ་གྱིས། ཐེངས་འདིའི་འོས་བསྡུའི་གྲུབ་འབྲས་དེ་བརྫུན་བཟོ་བྱེད་ནས་ཁོང་ཕམ་པར་བྱེད་སྲིད་པས། གལ་ཏེ་དེ་ལྟར་བྱས་ཚེ་གྲུབ་འབྲས་དེ་ཁས་ལེན་བྱེད་རྒྱུ་མིན་སྐོར་བརྗོད་འདུག

14805582_1289093497781183_991383476_nམང་གཙོ་ཚོགས་པའི་སྲིད་འཛིན་འོས་མི་ལྕམ་ཧི་ལ་རི་ཡིས། སྐད་ཆ་དེ་ནི་ཨ་རིའི་མང་གཙོ་ལ་མཐོང་ཆུང་དང་དོགས་སློང་བྱས་པ་ཡིན་སྐོར་སྐྱོན་བརྗོད་བྱས་ཀྱང་། སྐུ་ཞབས་ཁོང་གིས་འོས་བསྡུ་གྲུབ་འབྲས་དེ་ཁས་ལེན་དང་མི་ལེན་དེ་སྐབས་དེར་བལྟ་རྒྱུ་ཡིན་སྐོར་བརྗོད་ཡོད་འདུག

ཟླ་འདིའི་ཚེས་༡༩ ཉིན་འཛམ་གླིང་གི་སྟོབས་ཆེན་རྒྱལ་ཁབ་ཨ་རིའི་རྒྱལ་ཡོངས་སྲིད་འཛིན་འོས་བསྡུ་དང་འབྲེལ་ནས། ཆབ་སྲིད་ཚོགས་པ་ཆེ་ཤོས་གཉིས་ཀྱི་སྲིད་འཛིན་འོས་མིའི་བར་གྱི་བགྲོ་གླེང་ཐེངས་གསུམ་པའམ་མཐའ་མ་དེ་བྱས་ཡོད་པ་རེད། བགྲོ་གླེང་སྐབས་སུ་དེ་སྔོན་དང་འདྲ་བར་ཕྱོགས་གཉིས་བར་སྒེར་ལ་སྐྱོན་བརྗོད་ཤུགས་ཆེན་བྱེད་རེས་དང་། ཨ་རི་དང་འབྲེལ་བའི་གནད་དོན་མང་པོ་ཞིག་གི་ཐོག་ལ། ཕྱོགས་སོ་སོའི་ལྟ་བ་ལངས་ཕྱོགས་གསལ་བཤད་དང་ཕྱོགས་གཞན་པའི་ལྟ་བ་ལངས་ཕྱོགས་ལ་སྐྱོན་བརྗོད་བྱེད་རེས་བྱས་འདུག

ཐོག་མར་བགྲོ་གླེང་གཙོ་སྐྱོང་བས། འོས་མི་གཉིས་ཀྱི་མ་འོངས་པའི་འཆར་གཞི་ཡིས། ཨ་རིའི་རྒྱལ་ཡོངས་ཀྱི་བུ་ལོན་མང་དུ་འགྲོ་རྒྱུ་ཡིན་སྐོར་བརྗོད་པར། སྐུ་ཞབས་ཊི་རམ་གྱིས་སྐད་ཆ་དེར་ངོས་ལེན་མ་བྱས་པར། ཁོང་གིས་ཨ་རིའི་མི་མང་ལ་ལས་ཀའི་གོ་སྐབས་མང་དུ་བཏང་ནས། ཡར་རྒྱས་དང་མདུན་བསྐྱོད་ལ་ནུས་པ་སྤྲོད་ཆེད་དུ་དཔལ་འབྱོར་གྱི་སྒྲོམ་གཞི་ཞིག་བཟོ་རྒྱུ་ཡིན་སྐོར་བརྗོད་འདུག་པ་དང་།

ལྕམ་ཧཱི་ལ་རི་ཡིས་ཨ་རི་རྒྱལ་ཡོངས་ཀྱི་བུ་ལོན་ཐོག་སྒོར་གཅིག་ཀྱང་འཕར་འཇུག་རྒྱུ་མིན་སྐོར་བརྗོད་འདུག

དེ་བཞིན་ཨ་རིའི་རྩ་ཁྲིམས་ནང་ཨ་རིའི་མི་སེར་རྣམས་ཀྱིས་མེ་མདའ་སོགས་མཚོན་ཆ་བདག་ཉར་བྱེད་ཆོག་གི་ཡོད་ཀྱང་། དེང་གི་ཆར་ཨ་རིའི་ནང་ལ་མེ་མདའ་ཡི་དྲག་སྤྱོད་ལ་བརྟེན་ནས་མི་གསོད་ཁྲག་སྦྱོར་ཁྱབ་ཆེན་བྱུང་གི་ཡོད་པ་དང་འབྲེལ་ནས། ལྕམ་ཧཱི་ལ་རིས་མེ་མདའ་ཉོ་ཚོང་ལ་སྟངས་འཛིན་གྱི་ཐབས་ལམ་དགོས་པ་ལ་རྒྱབ་སྐྱོར་ཡོད་པ་དང་། དེ་ཡང་མེ་མདའ་ཉོ་མཁན་གྱི་རྒྱབ་ལྗོངས་ལ་ལྟ་ཞིབ་བྱས་ནས། ཉོ་ཆོག་མིན་ཐག་གཅོད་དགོས་པ། མི་མང་གི་ཚེ་སྲོག་སྐྱོབ་རྒྱུ་དང་རྩ་ཁྲིམས་ནང་མེ་མདའ་ཉར་ཆོག་པའི་སོ་སོ་སྲུང་སྐྱོབ་བྱེད་རྒྱུ་གཉིས་ལ་རྩོད་རྙོག་མེད་སྐོར་བརྗོད་འདུག དེའི་སྐོར་སྐུ་ཞབས་ཊི་རམ་གྱིས་དམིགས་བསལ་གང་ཡང་བཤད་མི་འདུག

ཨ་རིའི་ཆེས་མཐོའི་ཁྲིམས་ཁང་གི་ལས་འགན་སྐོར་དང་འབྲེལ་ནས། ལྕམ་ཧཱི་ལ་རི་ཡིས་ཆེས་མཐོའི་ཁྲིམས་ཁང་གིས། ཨ་རིའི་མི་མང་ཚང་མའི་ངོ་ཚབ་བྱེད་ཐུབ་དགོས་སྐོར་དང་། ཆང་སའི་ཐོབ་ཐང་འདྲ་མཉམ་དང་མངལ་འདོན་པའི་ཐོབ་ཐང་སོགས་ཀྱི་གལ་གནད་སྐོར་བརྗོད་ཡོད་འདུག སྐུ་ཞབས་ཊེ་རམ་གྱིས་མངལ་འདོན་པའི་ཐོབ་ཐང་དེ་ཕྱིར་བསྡུ་བྱེད་དགོས་མིན་ལ་ཐད་ཀར་བསམ་ཚུལ་བཤད་མི་འདུག་ཀྱང་། ཁོང་གིས་མ་འོངས་པར་ཆེས་མཐོའི་ཁྲིམས་ཁང་གི་ཁྲིམས་དཔོན་བསྐོ་རྒྱུ་ཡིན་པ་དང་། གནད་དོན་དེ་ཁོང་ཚོས་ཐག་གཅོད་བྱེད་རྒྱུ་ཡིན་སྐོར་བརྗོད་འདུག་ཀྱང་།

དེང་སང་ནུབ་ཕྱོགས་གང་སར་སྐྱབས་བཅོལ་བ་དང་གནས་སྤོ་བྱེད་མཁན་མང་དྲག་པའི་གནད་དོན་ཐད་བགྲོ་གླེང་འགྲོ་བཞིན་ཡོད་པས། སྐུ་ཞབས་ཊི་རམ་གྱིས་ཨ་རི་ལ་རྒྱལ་མཚམས་བརྟན་པོ་དགོས་ཀྱི་ཡོད་པ་དང་། དེ་མེད་པའི་རྐྱེན་གྱིས་ཨ་རིའི་ནང་ལ་སྨྱོ་རྫས་མང་པོ་ཕྱི་ནས་སླེབས་ཀྱི་ཡོད་ཁར། དངུལ་ཚང་མ་ཕྱི་ལ་ཡོད་པའི་ནག་ཚོང་རྒྱག་མཁན་ལག་ཏུ་འཁོར་གྱི་ཡོད་སྐོར་བརྗོད་འདུག དེ་སྔོན་ཁོང་གིས་ཨ་རིའི་ནང་གནས་སྤོ་བའམ་སྐྱབས་བཅོལ་བ་དེ་ཚོ་འགོག་ཆེད་དུ། ཨ་རི་དང་མེག་སི་ཁོ་རྒྱལ་ཁབ་བར་ལ་གྱང་ཆེན་ཞིག་རྒྱག་དགོས་ཚུལ་དང་། ཁྲིམས་འགལ་གྱི་ཕྱི་མི་སླེབས་མཁན་དེ་ཚོ་ཕྱིར་སློག་གཏོང་དགོས་པ་སོགས་བརྗོད་ཡོད་པས། ལྕམ་ཧཱི་ལ་རི་ཡིས་སྐུ་ཞབས་ཊི་རམ་གྱིས་རང་ཉིད་ཀྱི་ཁང་བརྩེགས་དེ་རྒྱག་སྐབས། ཁྲིམས་འགལ་གྱི་སྐྱབས་བཅོལ་བ་མང་པོ་བེད་སྤྱོད་བྱས་ཡོད་པས། ཁོང་ནི་རྫུ་བག་ཅན་ཞིག་ཡིན་པ་དང་། མོས་སྐྱབས་བཅོལ་བ་དང་གནས་སྤོ་བ་ཕྱིར་ལོག་བཏང་ནས། མི་ཚང་གཏོར་བཤིག་གཏོང་འདོད་མེད་སྐོར་བརྗོད་འདུག

དེ་བཞིན་ཨ་རིའི་དཔལ་འབྱོར་དང་འབྲེལ་ནས། སྐུ་ཞབས་ཊི་རམ་གྱིས་རང་ཉིད་ཀྱི་ཚོང་ལས་སྡེ་ཚན་གྱི་གྲུབ་འབྲས་ཚགས་ཚུད་དུ་འགྲོ་ཡི་ཡོད་པ་ལྟར། གལ་སྲིད་ཁོང་སྲིད་འཛིན་ལ་འོས་འདེམས་བྱུང་ཚེ། ཨ་རིའི་དཔལ་འབྱོར་ཡང་དེ་ལྟར་གྲུབ་འབྲས་ལྡན་པ་བཟོ་རྒྱུ་ཡིན་སྐོར་དང་། དེ་བཞིན་ལྕམ་ཧཱི་ལ་རིས་ཨ་རིའི་གཞུང་ནང་ལོ་མང་ལས་ཀ་བྱས་ཀྱང་། དཔལ་འབྱོར་ཡར་རྒྱས་འགྲོ་བའི་ལས་ཀ་ཤུགས་ཆེན་པོ་བྱས་མེད་སྐོར་སྐྱོན་བརྗོད་བྱས་ཡོད་འདུག ལྕམ་ཧི་ལ་རི་ཡིས་སྐུ་ཞབས་ཊི་རམ་གྱིས་ཨ་རིའི་ཚོང་ལས་སྡེ་ཚན་གྱི་བཟོ་སྐྲུན་སྡེ་ཚན་མང་པོ་ཞིག། ཕྱིའི་རྒྱལ་ཁབ་ལ་གནས་སྤོ་བྱས་ནས། ཨ་རིའི་མི་མང་ལ་ལས་ཀ་མེད་པ་ཆགས་ཀྱི་ཡོད་པའི་ངུ་སྐད་རྒྱག་གི་ཡོད་ཀྱང་། དོན་དངོས་སུ་རང་ཉིད་ཀྱི་མགྲོན་ཁང་འཛུགས་བསྐྲུན་ཆེད་དུ། ཕྱིའི་རྒྱལ་ཁབ་ཀྱི་དྭངས་ལྕག་བེད་སྤྱོད་བྱས་ཡོད་སྐོར་སྐྱོན་བརྗོད་བྱས་འདུག དེ་བཞིན་མོས་བུད་མེད་ལ་སྐྱེས་པ་དང་གཅིག་མཚུངས་ཀྱི་གླ་ཕོགས་ཐོབ་པ་བཟོ་རྒྱུ་སོགས་ཀྱི་སྐོར་ལ་བརྗོད་འདུག

བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་བར་གཞིགས་ན། ཉེ་བའི་ཆར་སྐུ་ཞབས་ཊི་རམ་གྱིས་བུད་མེད་ལ་གུས་བརྩི་མེད་པའི་སྐད་ཅ་བཤད་པའི་སྒྲ་ཞིག་ཁྱབ་སྤེལ་ཕྱིན་ཡོད་པ་དང་། དེ་བཞིན་བུད་མེད་ཁག་ཅིག་གིས་དེ་སྔོན་སྐུ་ཞབས་ཊི་རམ་གྱིས་ཁོ་ཚོར་ཚུལ་ཐུན་མིན་པའི་བྱ་སྤྱོད་དང་བཙན་གཡེམ་བཏང་སྐོར་གྱི་སྐྱོན་བརྗོད་བྱས་ཡོད་པས། ཨ་རིའི་ནང་གི་བསམ་ཤོག་བསྡུ་ལེན་སྐབས། སྐུ་ཞབས་ཊི་རམ་ལ་རྒྱབ་སྐྱོར་བྱེད་མཁན་གྱི་གྲངས་ཀ་ཉུང་དུ་འགྲོ་བཞིན་ཡོད་པ་རེད།

ཨ་རིའི་རྒྱལ་ཡོངས་སྲིད་འཛིན་འོས་བསྡུ་དེ་ནི་ཟླ་༡༡ པའི་ཚེས་༨ ཉིན་ཡིན་པ་དང་། སྲིད་འཛིན་འོས་མི་སྐུ་ཞབས་ཊི་རམ་དང་རང་ལོ་༧༠།  ལྕམ་ཧི་ལེ་རི་རང་ལོ་༦༨ ཡིན་པ་རེད།
གསར་འགོད་པ་སྐལ་བཟང་དོན་གྲུབ།

 

 

Search

|གླ་ཡོད་གསལ་བསྒྲགས། |

|| ཟུར་ཟའི་རི་མོ། ||