༧གོང་ས་མཆོག་གི་གསུང་བཤད་དེ་ཆབ་སྲིད་དང་འབྲེལ་བ་མེད་པ་ཞིག་དགོས་ཟེར།

ཟླ་འདིའི་ཕྱི་ཚེས་༡༦ ཉིན་རྒྱ་ནག་གཞུང་འབྲེལ་བརྒྱུད་ལམ་གོ་ལའི་དུས་བབ་ནང་གནས་ཚུལ་འཁོད་གསལ་ལྟར་ན། ཁ་སང་ཕྱི་ཚེས་༡༥ རེས་གཟའ་ལྷག་པའི་ཉིན་ཨ་རི་ཀལ་ལི་ཧྥོ་ནི་ཡ་སན་ཌིའི་གྷོ་གཙུག་ལག་སློབ་གཉེར་ཁང་གི་རིག་བདག་ཆེན་མོ་རྒྱ་གར་བ་པར་ཌིབ་ཀ་ཀོ་ས་ཡིས། སློབ་གཉེར་ཁང་དེའི་ནང་ཡོད་པའི་རྒྱ་རིགས་སློབ་མ་ཚོ་ཆེད་དུ་བསྐོངས་ནས། འདི་ལོའི་ཕྱི་ཟླ་༦ པའི་ནང་གི་བསླབ་པ་མཐར་སོན་གྱི་མཛད་སྒོར་༧གོང་ས་མཆོག་སློབ་གཉེར་ཁང་དེའི་ནང་དུ་གསུང་བཤད་གནང་མཁན་གཙོ་བོ་རུ་གདན་འདྲེན་ཞུ་འཆར་ཡོད་པའི་སྐོར་ལ་རྒྱ་རིགས་སློབ་མ་ཚོ་དང་གྲོས་བསྡུར་བྱས་ཡོད་འདུག སྐབས་དེར་རྒྱ་རིགས་སློབ་མ་ཚོས་སློབ་གཉེར་ཁང་དེའི་ནང་དུ་༧གོང་ས་མཆོག་གདན་འདྲེན་མི་ཞུ་རྒྱུའི་རེ་འདུན་བཏོན་མེད་པ་དང་། ཁོ་ཚོས་༧གོང་ས་མཆོག་གི་གསུང་བཤད་དེ་ཆབ་སྲིད་དང་འབྲེལ་བ་མེད་པ་དགོས་པ་དང་།  དེ་བཞིན་ཁོ་ཚོས་༧གོང་ས་མཆོག་མཚམས་སྦྱོར་ཞུ་སྐབས་ཆོས་ལུགས་ཀྱི་དབུ་ཁྲིད་དང་། བཙན་བྱོལ་ལྟ་བུའི་ཚིག་བེད་སྤྱོད་བྱ་རྒྱུ་མཚམས་འཇོག་དགོས་པ། དེ་བཞིན་གསུང་བཤད་ཀྱི་ནང་དོན་གང་ཡིན་ཁོ་ཚོར་གསལ་པོ་བཟོ་རོགས་ཞེས་བརྗོད་ཡོད་འདུག

དེ་སྔོན་ཀལ་ལི་ཧྥོ་ནི་ཡ་སན་ཌིའི་གྷོ་གཙུག་ལག་སློབ་གཉེར་ཁང་གིས་འབྱུང་འགྱུར་ཟླ་༦ པའི་ཚེས་༡༧ ཉིན་བསླབ་པ་མཐར་སོན་གྱི་མཛད་སྒོར་གསུང་བཤད་གཙོ་བོ་གནང་མཁན་གྱི་སྐུ་མགྲོན་དུ་༧གོང་ས་མཆོག་གདན་ཞུ་གནང་རྒྱུ་དང་། དེ་བཞིན་དེའི་སྔ་ཉིན་ཏེ། ཕྱི་ཚེས་༡༦ ཉིན་མང་ཚོགས་ལ་གསུང་བཤད་གནང་རྒྱུ་བཅས་བསྒྲགས་ཡོད་འདུག་པ་དང་། སྐབས་དེར་ཡུལ་གྱར་དུ་ཕེབས་པའི་ཆོས་ལུགས་ཀྱི་དབུ་ཁྲིད་དང་བོད་མིའི་དབུ་ཁྲིད་ཏཱ་ལའི་བླ་མ་ཅེས་ཚིག་བེད་སྤྱོད་བྱས་ཡོད་འདུག

ཉེ་ཆར་རྒྱ་ནག་གཞུང་གི་ངོས་ནས་ཀལ་ལི་ཧྥོ་ནི་ཡ་སན་ཌིའི་གྷོ་གཙུག་ལག་སློབ་གཉེར་ཁང་དུ་༧གོང་ས་མཆོག་གདན་འདྲེན་ཞུ་རྒྱུར་ངོ་རྒོལ་བྱས་ཡོད་ཁར། དེ་གར་ཡོད་པའི་རྒྱ་རིགས་སློབ་མ་མང་དག་ཅིག་གིས་མི་འདོད་པའི་རྣམ་འགྱུར་བསྟན་ཡོད་ཀྱང་། སློབ་གཉེར་ཁང་དེས་ཐག་གཅོད་ལ་འགྱུར་བ་བཏང་མེད་པ་རེད།།

གསར་འགོད་པ་བཀྲ་ཤིས་དོན་གྲུབ།

Share on Facebook0Tweet about this on TwitterShare on Google+0Share on LinkedIn0Email this to someone
0 commentsViews: 433

Leave a Reply