༧གོང་ས་མཆོག་གི་དེབ་དབྱིན་ཡིག་ཐོག་ཡོད་པ་༢༠ ཞིག་བོད་ཡིག་ཐོག་བསྒྱུར་འཆར།

ཕྱི་ཟླ་༡༠ ཚེས་༣༠ ཉིན་དྷ་ས་མེག་གྷན་ཉིན་མོའི་སློབ་གྲྭར་༧གོང་ས་མཆོག་གི་གསུང་རྩོམ་འགྲེམས་སྟོན་དང་། ཟམ་གདོང་རིན་པོ་ཆེས་དེབ་ཀློག་གི་རིན་ཐང་དང་ཤེས་ཡོན་ལ་འཇུག་ཚུལ་ཞེེས་པའི་བརྗོད་གཞིའི་ཐོག་གསུང་བཤད་གནང་ཡོད་པ་རེད།

unnamed༧གོང་ས་མཆོག་གི་གསུང་རྩོམ་འགྲེམས་སྟོན་གོ་སྒྲིག་པ་མགོན་པོ་རྒྱལ་གྱིས་ཁོ་རང་སྒེར་ངོས་ནས་༢༠༡༢ ལོ་ནས་ད་ལྟའི་བར་རྒྱ་གར་གྱི་ས་གནས་མི་འདྲ་བ་༥༠ ལྷག་གི་ནང་འགྲེམས་སྟོན་གོ་སྒྲིག་བྱས་ཡོད་པ་རེད། ཁོང་གིས་༧གོང་ས་མཆོག་གི་གསུང་རྩོམ་འདྲ་མིན་སྐད་ཡིག་༡༦ ལྷག་གི་ནང་ཡོད་པ་འཚོལ་སྒྲུབ་བྱས་ཡོད་པ་དང་། གོ་ཐོས་ལྟར་ན་སྐད་ཡིག་༦༠ ལྷག་གི་ནང་ཡོད་སྐོར། དེ་བཞིན་མུ་མཐུད་དེ་༧གོང་ས་མཆོག་གི་གསུང་རྩོམ་སྐོར་ལ་མཁས་པའི་བགྲོ་གླེང་། རིམ་པས་གོང་ས་མཆོག་སྐུ་ཕྲེང་རིམ་བྱོན་གྱི་གསུང་རྩོམ་བསྡུ་རུབ། ༧གོང་ས་མཆོག་གསུང་རྩོམ་འགྲེམས་སྟོན་ཁང་གསར་འཛུགས། ལོ་༡༥ ཞིག་གི་རྗེས་ནས་རྒྱལ་སྤྱིའི་༧ཏཱ་ལའི་བླ་མའི་དཔེ་མཛོད་ཁང་ཞིག་འཛུགས་རྒྱུའི་འཆར་གཞི་ཡོད་སྐོར་ངོ་སྤྲོད་གནང་སོང་།

ཟམ་གདོང་རིན་པོ་ཆེས་༧གོང་ས་མཆོག་གི་མཛད་འཕྲིན་སྤྱི་དང་། ཁོང་གི་ནང་ཆོས་དང་ཚན་རིག་སྐོར་གྱི་བཀའ་སློབ་རིམ་པ་གནང་བ་ཁྱད་དུ་འཕགས་པ་བྱུང་ཡོད་སྐོར་གསུངས་པ་དང་། དེ་ནས་དེབ་ཀློག་གི་རིན་ཐང་སྐོར་དང་འབྲེལ་ནས་གསུང་དོན། “དེབ་བཀླགས་ན་རིན་ཐང་ཡོད་པ་རེད་ཟེར་བ་ཡོངས་གྲགས་འདྲ་རེད། སློབ་སྦྱོང་བྱེད་པའི་རིམ་པ་དེ་དེབ་ཀློག་རྒྱུ་དང་། ཡང་ན་དགེ་རྒན་ས་ནས་ཉན་རྒྱུ་དེ་གཉིས་རེད། དེ་གཉིས་མ་ཡིན་པའི་ལམ་ཁ་གསུམ་པ་ཞིག་ཡོད་པ་མ་རེད། དགེ་རྒན་དུས་རྟག་ཏུ་རག་ཆོག་ཆོག་དང་། དུས་ཚོད་ཁོམ་པ། ག་དུས་ཡིན་ན་སོ་སོའི་འགྲམ་ལ་ཡོད་པ་ཁག་པོ་རེད།  དེབ་དེ་དགེ་རྒན་སྟབས་བདེ་ཤོས་རེད། དགེ་རྒན་ཁ་ཤས་ཀྱིས་བཀའ་བཀྱོན་ཡང་གནང་གི་རེད། དེབ་ཀྱིས་བཀའ་བཀྱོན་གནང་གི་མ་རེད། ག་དུས་ཀློག་བསམ་ན་སོ་སོའི་སྔས་མགོ་ལ་བཞག་ན། ནུབ་ཕྱོགས་པའི་སློབ་མ་མང་པོས་དེབ་དེ་ལས་ཀར་འགྲོ་དུས་ཁྱེར་ནས་མེ་འཁོར་ནང་ཡར་མར་ལ་འགྲོ་དུས་ཀློག་གི་རེེད། མཚན་ལ་གཉིད་སད་པ་དང་ལྟ་ཆོག་ཆོག་རེད། དེབ་ཀློག་རིན་ཐང་ཆེན་པོ་རེད་ལ། ༧སྐྱབས་མགོན་རིན་པོ་ཆེའི་ཕྱག་དེབ་ནང་ནས་དམིགས་སུ་བཀལ་ནས། ནང་པའི་ཚན་རིག་དང་ནུབ་ཕྱོགས་པའི་ཚན་རིག་གི་རྣམ་གཞག་གི་དེབ་དང་།  སྟོང་ལོ་གསར་པའི་བཟང་སྤྱོད། འཚོ་བ་བདེ་བའི་སྒྲུབ་པའི་ཐབས་ལམ། ཆོས་ལུགས་ལས་འདས་པའི་བཟང་སྤྱོད་དེ་ཚོ་བསམ་གྱིས་མི་ཁྱབ་པའི་དེབ་རེད། དེབ་དེ་ཚོ་མང་ཆེ་བ་བོད་ཡིག་ཐོག་ཡོད་པ་མ་རེད། ༢༠༡༧ ལོ་ནས་༢༠༢༧ ལོའི་བར་དུ་༧སྐྱབས་མགོན་རིན་པོ་ཆེའི་དེབ་དབྱིན་ཡིག་ཐོག་ཡོད་པ་༢༠ ཞིག་བོད་ཡིག་ཐོག་བསྒྱུར་རྒྱུའི་ལས་གཞི་ཡོད་པ་རེད། དེང་སྐབས་ན་གཞོན་ནང་དབྱིན་ཡིག་ཤེས་མཁན་མང་བ་ཡོད་པས། དེབ་དེ་ཚོ་ངེས་པར་དུ་མཇལ་ན་ཡག་པོ་ཡོད། ཤེས་ཡོན་ལ་དེ་ལས་ལྷག་པའི་འཇུག་ཚུལ་ཞིག་ཡོད་པ་མ་རེད་”ཅེས་གསུངས་སོང་།

ཤེས་ཡོན་ལ་འཇུག་ཚུལ་སྐོར་དང་འབྲེལ་ནས་ཟམ་གདོང་རིན་པོ་ཆེས་མུ་མཐུད་གསུང་དོན། “ང་ཚོའི་སྲོལ་རྒྱུན་གྱི་སློབ་སྦྱོང་ལ་འཇུག་ཚུལ་དེ་ཚུལ་གནས་ཐོས་དང་བསམ་ལྡན་པའི། སྒོམ་པ་ལ་ནི་རབ་ཏུ་སྦྱོར་ཞེས་ཐོག་མར་བཟང་སྤྱོད་ཡག་པོ་དང་། དེ་ནས་ཐོས་པ། དེ་རྗེས་བསམ་པ་དེ་དགོས་རེད། དེང་སྐབས་ཤེས་ཡོན་ལ་འཇུག་ཚུལ་གྱི་རིམ་པ་དེ་ཐོས་པ་རྐྱང་རྐྱང་རེད། དེས་འགྲིག་བསྡད་ཡོད་པ་རེད། དེང་སྐབས་ཐོས་པ་སྟབས་བདེ་པོ་རེད། དྲ་རྒྱ་དང་ཝེ་ཆ་ཊི་(འཕྲིན་ཕྲན་)ཡོད་རེད། ཧ་ལམ་ཆུ་ཚོད་༢༤ རིང་ཐོས་པ་བསག་ཆོག་གི་རེད། ཡིན་ཡང་ནང་པའི་མངོན་པའི་གཞུང་ལུགས་ནང་ཐོས་བྱུང་གི་ཤེས་རབ་དེ་རང་གི་ཤེས་རབ་མ་རེད་གསུངས་ཡོད་པ་རེད། གཞན་ལ་གཡར་བའི་ཤེས་རབ་རེད། བུ་ལོན་ཁུར་ནས་འདུག་རྒྱུ་རེད། ཐོས་པའི་ཤེས་རབ་གཅིག་པུ་ཡིན་ན་སོ་སོ་ལ་ཕན་ཐོགས་ཡོད་མ་རེད། བསམ་བྱུང་གི་ཤེས་རབ་དེ་རང་ཉིད་ཀྱི་ཤེས་རབ་རེད་གསུངས་ཡོད་པ་རེད། སྤྱིར་དེབ་བཀླག་རྒྱུ་གལ་ཆེན་པོ་དང་། ལྷག་པར་དུ་༧སྐྱབས་མགོན་རིན་པོ་ཆེའི་ཕྱག་དེབ་དེ་ཚོ་ཀློག་རྒྱུར། བོད་པ་ཞིག་ཡིན་པའི་ཆ་ནས། ང་རང་ཚོ་༧རྒྱལ་བ་རིན་པོ་ཆེར་དད་པ་ཡོད་མཁན་ཞིག་ཡིན་ན། དེང་སྐབས་དད་པ་མེད་མཁན་མང་དུ་ཕྱིན་པའི་སྐབས་འདྲ་རེད། མང་ཆེ་བ་དད་པ་ཡོད་མཁན་ཡིན་པས། རྒྱུ་མཚན་ཤེས་པའི་དད་པའི་ཐོག་འགྲོ་ཆེད་གསུང་རྩོམ་དེ་ཚོ་མཇལ་ན། ངེས་པ་ཞིག་རྙེད་རྒྱུ་རེད་”ཅེས་གསུངས་སོང་།།

གསར་འགོད་པ་ཆོས་ཉིད་འོད་ཟེར།

Search

|གླ་ཡོད་གསལ་བསྒྲགས། |

|| ཟུར་ཟའི་རི་མོ། ||