༧གོང་ས་མཆོག་གིས་གྷུ་ཇེ་ར་ཌེའི་ཆུ་ལོག་ལ་ཐུགས་གསོ་གནང་བ།

རྒྱ་གར་གྱི་མངའ་སྡེ་གྷུ་ཇེ་ར་ཌེ་ནང་ཆུ་ལོག་གི་གནོད་སྐྱོན་ཆེན་པོ་ཐེབས་པར། ༧གོང་ས་མཆོག་གིས་ཐུགས་གསོའི་གསུང་འཕྲིན་དང་ཞལ་འདེབས་གནང་ཡོད་འདུག

ཟླ་༨ པའི་ཚེས་༡ ཉིན་༧གོང་ས་མཆོག་གིས་རྒྱ་གར་གུ་ཇུ་ར་ཌེ་མངའ་སྡེ་སྤྱི་ཁྱབ་བློན་ཆེན་སྐུ་ཞབས་ཝི་ཇེ་རུ་པ་ནཱི་ལ་མངའ་སྡེ་དེའི་ནང་གི་ཆུ་ལོག་གི་གནོད་སྐྱོན་དང་འབྲེལ་ནས་ཐུགས་གསོའི་གསུང་འཕྲིན་ཞིག་བསྩལ་ཡོད་པ་དང་། དེའི་ནང་༧གོང་ས་མཆོག་གིས་ཆུ་ལོག་གི་གནོད་འཚེ་ཕོག་ཡུལ་རྣམས་ཉེན་སྐྱོབས་བྱས་ནས། སྐྱོབས་གསོའི་ལས་དོན་བྱེད་བཞིན་ཡོད་པ་ཤེས་ཀྱི་ཡོད་པ་དང་། སྤྱི་ཁྱབ་བློན་ཆེན་ཁོང་དང་རང་ཉིད་ཀྱི་བརྩེ་བའི་ནང་མི་འདས་གྲོངས་སུ་ཕྱིན་མཁན་གྱི་ཤུལ་ལུས་ཁྱིམ་ཚང་རྣམས། དེ་བཞིན་ཆུ་ལོག་གི་གནོད་འཚེ་ཕོག་ཡུལ་གྱི་མི་ཚང་མར་ཐུགས་གསོ་ཞུ་ཡི་ཡོད། གདུང་སེམས་མཉམ་སྐྱེད་ཆེད་ཏཱ་ལའི་བླ་མ་དགེ་རྩ་ཚོགས་པ་བརྒྱུད་ནས་ཉེན་སྐྱོབས་དང་སྐྱོབ་གསོའི་ཆེད་ཞལ་འདེབས་གནང་རྒྱུ་ཡིན་སྐོར་གསུངས་འདུག
དེ་ཡང་རྒྱ་གར་གྱི་མངའ་སྡེ་གྷུ་ཇེ་ར་ཌེ་ནང་ཟླ༦ པའི་ཚེས་༡ ཉིན་ཟླ་༨ པའི་ཚེས་༡ བར་ཆར་པ་དང་ཆུ་ལོག་གི་རྐྱེན་པས་ཉུང་མཐར་མི་གྲངས་༢༢༤ ཡི་ཚེ་སྲོག་ཤོར་ཡོད་པ་དང་། མི་གྲངས་༡༡༣༠༠༠ ལས་མང་བ་བདེ་འཇགས་ཆེད་ས་གནས་གཞན་ལ་གནས་སྤོ་བྱས་ཡོད་པ་དང་། མི་གྲངས་༡༧༠༠༠ ལས་མང་བ་ཉེན་སྐྱོབ་རུ་ཁག་གིས་ཉེན་སྐྱོབ་བྱས་ཡོད་འདུག །
གསར་འགོད་པ་སྐལ་བཟང་དོན་གྲུབ།

Print Friendly, PDF & Email
Share on Facebook0Tweet about this on TwitterShare on Google+0Share on LinkedIn0Email this to someone
0 commentsViews: 94

Leave a Reply