༧གོང་ས་མཆོག་དགུང་ལོ་༨༢ ལ་ཕེབས་པའི་འཁྲུངས་སྐར་སྲུང་བརྩི།

བཀའ་ཤག་གི་ངོས་ནས་བོད་རྒྱ་གཉིས་སྨན་དབུ་མའི་ལམ་གྱི་སྲིད་བྱུས་རྒྱུན་འཁྱོངས་ཐོག བོད་རིགས་ཡོངས་ལ་མིང་དོན་མཚུངས་པའི་རང་སྐྱོང་ཡོང་ཐབས་ཁོ་ན་ལས་རང་བཙན་རྩོད་སྒྲུབ་བྱེད་ཀྱི་མེད་པ་ད་རེས་ཀྱི་གོ་སྐབས་འདི་བརྒྱུད་བསྐྱར་དུ་ནན་བརྗོད་བྱེད་རྒྱུ་ཡིན་ཞེས་གསུངས་སོང་།

ཟླ་འདིའི་ཚེས་༦ ཉིན་དྷ་ས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ། བོད་ཀྱི་བླ་ན་མེད་པའི་དབུ་འཁྲིད་སྤྱི་ནོར་༸གོང་ས་མཆོག་ཕྱི་ལུགས་ལྟར་དགུང་གྲངས་༨༢ ལ་ཕེབས་པའི་སྐུའི་འཁྲུངས་སྐར་དུས་ཆེན་གཞུང་འབྲེལ་སྲུང་བརྩི་གཟབ་རྒྱས་ཞུས་ཡོད་པ་རེད།

ཉིན་དེའི་ཞོགས་པ་སྔ་པོ་དྷ་ས་ལྷ་རྒྱལ་རིར་སྐུ་ཁམས་དང་མཐུན་པའི་སྐུ་རླུང་དར་འཛུགས་དང་།   དར་ཆེན་ན་བཟའ་སྒྲོན་འབུལ་དང་ཆབས་ཅིག་ཁྲོ་བོ་ཁམས་གསུམ་དབང་འདུས་དང་། བསྟན་སྲུང་དམར་ནག་གཉིས་ཀྱི་སྤྱན་སྔར་རྣམ་གྲྭ་དགེ་འདུན་པ་བཞི་གྲས་རྒྱགས་བརྔན་ལྷ་བསང་དང་། གནས་གྲྭ་དགེ་འདུན་བཞི་གྲས་དཀར་ཕྱོགས་སྐྱོང་བའི་ལྷ་སྲུང་མཐུ་བོ་ཆེ་རྣམས་ཀྱི་དབུ་འཕང་དགུང་དུ་འདེགས་པའི་བསང་མཆོད་ཟབ་རྒྱས་ཕུལ་བ་དང་། བོད་མིའི་སྒྲིག་འཛུགས་ཀྱི་ལས་བྱེད་ཆེ་ཕྲ། དྷ་ས་ཁུལ་གནས་སྡོད་སེར་སྐྱ་མི་མང་ཡོངས་ནས་བོད་ལུགས་ན་བཟའ་གཟབ་འཕྱོར་དང་བཅས་མཉམ་ཞུགས་བྱས།

སྔ་དྲོ་ཆུ་ཚོད་༡༠ ཐོག་དྷ་ས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་གཞུང་འབྲེལ་མཛད་སྒོ་དངོས་སུ་ཚུགས་པ་དང་། མཛད་སྒོའི་སྐུ་མགྲོན་གཙོ་བོ་རྒྱ་གར་ཧི་མཱ་ཅལ་མངའ་སྡེའི་བཟོ་ལས་བློན་ཆེན་སྐུ་ཞབས་ཀི་ཤན་ཀ་པུར་(Kishan Kapoor) དང་། དམིགས་བསལ་སྐུ་མགྲོན་རྒྱ་གར་དབུས་གཞུང་གི་གྲོས་ཚོགས་འོག་མའི་འཐུས་མི་སྐུ་ཞབས་ནི་ནོང་ཨེ་རིང་(Shri Ninong Ering)  བཅས་ཕེབས་ཡོད་པ་རེད།

དཔེ་དེབ་དབུ་འབྱེད་ཁག་གྲུབ་རྗེས་དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཞོན་ཨ་ཅརྱ་ཡེ་ཤེས་ཕུན་ཚོགས་ཀྱིས་བོད་མི་མང་སྤྱི་འཐུས་ཀྱི་གསུང་བཤད་སྒྲོགས་སྦྱང་པ་དང་། དེ་རྗེས་སྲིད་ཚབ་དཔལ་འབྱོར་བཀའ་བློན་ཀརྨ་ཡེ་ཤེས་ཀྱིས་བཀའ་ཤག་གི་གསུང་བཤད་སྒྲོགས་སྦྱང་གནང་། དམིགས་བསལ་སྐུ་མགྲོན་སྐུ་ཞབས་ (Ninong Ering) དང་། སྐུ་མགྲོན་གཙོ་བོ་སྐུ་ཞབས་ཀི་ཤན་ཀ་པུར་ (Kishan Kapoor)  གཉིས་ཀྱིས་བཙན་བྱོལ་བོད་མིའི་གནས་བབས་དང་། ༧གོང་ས་མཆོག་གི་མཛད་འཕྲིན་སྐོར་ལ་གསུང་བཤད་གནང་། བོད་ཀྱི་ཟློ་གར་ཚོགས་པ་དང་། ཚོགས་པ་སྐྱིད་སྡུག སློབ་གྲྭ་ཁག་བཅས་ནས་གཞན་སྣ་འཁྲབ་སྟོན་བྱས་པ་དང་མཛད་སྒོ་གྲོལ་ཡོད་པ་རེད།

༸སྐུའི་འཁྲུངས་སྐར་ཉིན་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གཏམ་བཤད་ནང་འཁོད་དོན། “དེ་རིང་འཛམ་གླིང་ཡུལ་གྲུ་གང་སར་གནས་པའི་བོད་མི་ཡོངས་ཀྱི་དགའ་དད་སྤྲོ་གསུམ་ངང་༸སྐུ་ཡི་འཁྲུངས་སྐར་སྲུང་བརྩི་ཞུ་བའི་ལམ་ནས་མགོན་པོ་གང་གི་ཀུན་ཁྱབ་མཛད་འཕྲིན་རྣམས་ཀྱི་བཀའ་དྲིན་རྗེས་སུ་དྲན་ཞིང་། བླང་དོར་ལམ་སྟོན་མཛད་པ་གང་ཐུབ་ཅི་ཐུབ་ཀྱིས་ཉམས་ལེན་ཞུ་རྒྱུའི་དམ་བཅའ་བསྐྱར་ནན་ཞུ་རྒྱུ་བཅས་ནི་༸སྐུ་ཡི་འཁྲུངས་སྐར་སྲུང་བརྩི་ཞུ་བའི་དགོས་དོན་སྙིང་པོ་ཆགས་ཡོད་”ཅེས་དང་། ༸རྒྱལ་མཆོག་ལྔ་པ་ཆེན་པོ་མཆོག་ནས་བཟུང་བོད་ལྗོངས་ལུགས་ཟུང་གི་མངའ་དབང་བདག་གིར་བཞེས་པའི་སྐོར་དང་། ཕྱི་ལོ་ ༡༩༥༩ ལོར་བོད་ས་ཡོངས་རྫོགས་རྒྱ་ནག་དམར་པོའི་སྲིད་གཞུང་གིས་བཙན་བཟུང་བྱས་པར་བརྟེན་རྒྱ་གར་འཕགས་པའི་ཡུལ་དུ་བོད་མི་འབུམ་ཕྲག་ལ་ཉེ་བ་བཅས་བཙན་བྱོལ་དུ་མ་ཕེབས་ཐབས་མེད་དུ་གྱུར་”ཞེས་༧གོང་ས་མཆོག་གིས་བཙན་སྒྲིག་འཛུགས་གསར་གནང་བའི་བརྒྱུད་རིམ་འཁོད་ཡོད་པ་རེད།

“དེ་བཞིན་ཐུགས་བསྐྱེད་མཛད་འཁུར་གསུམ་གྱིས་འཛམ་གླིང་འགྲོ་བ་སྤྱི་དང་། འཛམ་གླིང་གོ་ལའི་ཁོར་ཡུག་གི་གནས་བབ། བྱམས་བརྩེའི་འཛམ་གླིང་ཞིག་ཡོང་ཐབས་སོགས་ཀྱི་ཆེད་མཛད་འཕྲིན་བསྐྱངས་དང་སྐྱོང་བཞིན་པར་བརྟེན་འཇིག་རྟེན་ཞི་བདེའི་དེད་དཔོན་ཆེན་པོར་ཕྱོགས་ཡོངས་ནས་མངོན་པར་བཀུར་ཞིང་ཆེས་སྙན་པར་གྲགས་པའི་ནོ་སྦེལ་ཞི་བདེའི་གཟེངས་རྟགས་འབུལ་བཞེས་ཀྱིས་མཚོན་པའི་འཛམ་གླིང་ནང་གཞུང་སྒེར་སྒྲིག་འཛུགས་མང་དག་ཅིག་ནས་མགོན་པོ་གང་ཉིད་མཆོག་གི་མཛད་རྗེས་ལ་ཆེས་སྙན་གྲགས་ཅན་གྱི་གཟེངས་རྟགས་གྲངས་ ༡༥༠ ལྷག་འབུལ་བཞེས་བསྐྱངས་གནང་མཛད་ཡོད་”ཅེས་དང་། ཕྱི་ལོ་ ༢༠༡༧ ཟླ་ ༡ པོའི་ནང་རྡོ་རྗེ་གདན་དུ་༸གོང་ས་མཆོག་གིས་དུས་དབང་གནང་སྐབས། དགུང་ལོ་བརྒྱ་ལྷག་བཞུགས་རྒྱུའི་བཀའ་བཞེས་བཟང་པོ་སླར་ཡང་ཕེབས་པར་རང་ཅག་རྣམས་ལ་བཀའ་དྲིན་བླ་ལྷག་ཏུ་ཆེ་སྐོར་དང་། “ཉེ་ཆར་ཨ་རི་མེ་ཎི་སོ་ཌའི་མཱ་ཡཱོ་སྨན་ཁང་དུ་སྐུ་གཟུགས་བརྟག་དཔྱད་མཛད་སྐབས་ཀྱང་ལྒང་པའི་སྙུང་གཞི་ཕྲ་མོ་ཙམ་ཡང་མེད་པར་སྐུ་གཟུགས་བདེ་ཐང་གི་བཀའ་གསལ་རྗེན་པ་ཕེབས་པས་གཞིས་བྱེས་བོད་མི་རྣམས་བློ་བདེ་བག་ཕེབས་ངང་གནས་ཐུབ་པ་དང་། རང་ཅག་གངས་ཅན་པ་ཡོངས་ནས་ཀྱང་རྣམ་དཀར་བསོད་ནམས་ཀྱི་ལས་ལ་འབད་འབུངས་དང་། ལྷག་པར་དུ་མགོན་པོ་གང་ཉིད་མཆོག་ནས་ནན་གྱིས་གདམས་པའི་བཀའ་སློབ་དེ་དག་བོད་མི་སེར་སྐྱ་ཚང་མས་སེམས་ལ་བཅངས་ཏེ་དངོས་ཡོད་ཉིན་རེའི་འཚོ་བའི་ནང་ལག་ལེན་ཁེལ་ཐབས་གནང་དགོས་རྒྱུ་ཤིན་ཏུ་ནས་གལ་ཆེ་”ཞེས་འཁོད་ཡོད་པ་རེད།

རྒྱ་ནག་གིས་བོད་ནང་དམ་དྲག་བྱས་སྐོར་དང་འབྲེལ་འཁོད་དོན། “དེང་གི་ཆར་ཡང་རྒྱ་གཞུང་གིས་བོད་ཐོག་འཛིན་པའི་སྲིད་བྱུས་ལ་འགྱུར་བ་འགྲོ་རྒྱུའི་རྟགས་མཚན་མ་མངོན་ཁར། ད་དུང་བོད་ཀྱི་ས་ཕྱོགས་གང་སར་འགྲོ་འོང་སོགས་ལ་དམ་དྲག་ཆེ་རུ་འགྲོ་བཞིན་པ་དང་། མི་སེར་སྤེལ་ཡུལ་གྱི་སྲིད་བྱུས་བཟུང་ཏེ། གནད་དོན་ཆུང་ཙག་ལའང་ས་གནས་ཉེན་རྟོག་པས་བོད་མིར་རྡུང་རྡེག་ཚོད་མེད་བཏང་བ་མ་ཟད། མཐོང་ཆུང་དང་བརྙས་བཅོས་བྱས་པ་གྲངས་ཀྱིས་མི་ལངས་པ་ཡོད། འདི་རིགས་ནི་རྒྱ་ནག་གི་མི་རིགས་འདྲ་མཉམ་གྱི་སྲིད་བྱུས་དང་། ཁྲིམས་ལུགས་གཅིག་གྱུར་གྱི་ལག་བསྟར་ཇི་བཞིན་མེད་པ་དབྱེ་འབྱེད་ཀྱི་རྣམ་པ་གསལ་པོ་ཐོན་བཞིན་ཡོད། རྒྱ་གཞུང་གིས་གདུག་རྩུབ་ཅན་གྱི་སྲིད་བྱུས་འོག་གང་ཅིའི་རང་དབང་བདེ་སྐྱིད་མེད་”ཅེས་བོད་ནང་གི་རྒྱ་རྒོལ་ལས་འགུལ་རིམ་སྤེལ་སྐོར་དང་། རྒྱལ་སྤྱིའི་ཐོག་གི་བོད་དོན་རྒྱབ་སྐྱོར་གནང་བའི་བརྒྱུད་རིམ་དང་ཐུགས་རྗེ་ཆེ་སྐོར་འཁོད་ཡོད་པ་རེད།

རྒྱ་ནག་གི་སྐོར་དང་འབྲེལ་ནས་འཁོད་དོན། “རིང་མིན་ཚོགས་ལ་ཉེ་བའི་རྒྱ་ནག་དམར་ཤོག་ཚོགས་ཆེན་ཐེངས་ ༡༩ པའི་ཐོག་རྒྱ་ནག་གཞུང་གི་ཆབ་སྲིད་ཀྱི་གནས་བབ་སྤྱི་དང་། ལྷག་པར་བོད་དང་འབྲེལ་བའི་ཆབ་སྲིད་ཀྱིས་གནད་དོན་རྣམས་ལ་བསྐྱར་ཞིབ་དང་། རྗེས་འབྲས་ཇི་འབྱུང་ལ་རྒྱལ་སྤྱིའི་ཁྱོན་ནས་དོ་སྣང་དང་བཟང་ཕྱོགས་ཀྱི་འགྱུར་བ་འགྲོ་རྒྱུའི་རེ་བ་འཆང་བཞིན་ཡོད་”ཅེས་དང་། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་འདོན་གནང་མཛད་པའི་གཉིས་ཕན་དབུ་མའི་ལམ་གྱི་སྲིད་བྱུས་ནི་བོད་རྒྱའི་གནད་དོན་ཞི་བའི་ཐོག་སེལ་ཐབས་ཀྱི་སྲིད་བྱུས་དོན་དངོས་དང་མཐུན་པ་ཞིག་ཡིན། དེའི་ཐབས་ལམ་གྱིས་བོད་མིའི་གཞི་རྩའི་དགོས་མཁོ་སྒྲུབ་ཐུབ་པ་དང་ཆབས་ཅིག་རྒྱ་ནག་གི་མཐུན་སྒྲིལ་དང་། བརྟན་ལྷིང་ལ་གནོད་གཞི་མེད་པ་རྒྱ་ནག་ལའང་ཕན་ཐོགས་ཡོད་པ་ཞིག་བསྐྲུན་ཐུབ་ཀྱི་ཡོད་ན། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་ཚབ་དང་རྒྱ་ནག་གཞུང་གི་དབར་གྲོས་མོལ་ཡོང་ཐབས་སུ་རྒྱ་ནག་གཞུང་གི་འགོ་ཁྲིད་རྣམས་ཀྱིས་མཁྲེགས་འཛིན་གྱི་རྣམ་པ་དོར་ཏེ་གོ་སྐབས་དམ་འཛིན་གྱིས་གྲོས་མོལ་བསྐྱར་དུ་ཡོང་ཐབས་སུ་འབད་བརྩོན་སྔར་ལྷག་གནང་དགོས་ཀྱི་འབོད་སྐུལ་བསྐྱར་ནན་བྱ་རྒྱུ་ཡིན་”ཞེས་དང་། ད་སྔ་བར་རྒྱ་གར་གཞུང་གིས་བོད་མི་མང་ལ་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་སྐོར་སོགས་འཁོད་ཡོད་པ་རེད།

སྐུའི་འཁྲུངས་སྐར་དུས་ཆེན་གྱི་བཀའ་ཤག་གི་གཏམ་བཤད་ནང་འཁོད་དོན། “སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནི་འཛམ་གླིང་གི་འགོ་འཁྲིད་གཞན་སུ་ཞིག་དང་མི་འདྲ་བ་མ་ཟད་བསྡུར་ཐབས་ཀྱང་མེད་པའི་དབུ་འཁྲིད་ཁྱད་དུ་འཕགས་པ་ཞིག་ཡིན། དེ་ཡང་འཕགས་མཆོག་སྤྱན་རས་གཟིགས་མིའི་རྣམ་པར་བྱོན་པ་༸རྒྱལ་དབང་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་ནི་བོད་མི་རིགས་དང་ཚེ་རབས་ནས་ཚེ་རབས་ལས་དང་སྨོན་ལམ་གྱི་འབྲེལ་བ་དམ་ཟབ་ཡོད་པ་དང་། ཁྱད་པར་བོད་མི་རིགས་ཆགས་འཇིག་དང་ཛ་དྲག་གི་གནས་སུ་གྱར་བའི་སྐབས་སུ་༸རྒྱལ་དབང་སྐུ་གོང་མའི་ཡང་སྲིད་འཁྲུལ་བྲལ་དུ་བོད་ཤར་ཕྱོགས་ཨ་མདོའི་སྟག་འཚེར་གྲོང་གསེབ་ཀྱི་ཁྱིམ་ཚང་དཀྱུས་མ་ཞིག་ཏུ་བོད་ཤིང་ཕག་ཟླ་བ་ ༥ ཚེས་ ༥ ཕྱི་ལོ་ ༡༩༣༥ ཟླ་ ༧ ཚེས་ ༦ ཉིན་ངོ་མཚར་བའི་ལྟས་དུ་མ་དང་བཅས་ཏེ་སྐུ་འཁྲུངས་ཤིང༌། མི་རིང་བར་བོད་ཀྱི་རྒྱལ་ས་ལྷ་སར་གདན་འདྲེན་ཞུས་ཏེ་ཕྱི་ལོ་ ༡༩༤༠ བོད་ལྕགས་འབྲུག་ལོར་མི་འཇིགས་གདོང་ལྔས་བཏེགས་པའི་གསེར་གྱི་ཁྲི་འཕང་མཐོན་པོར་མངའ་གསོལ་བ་དང་། དགུང་ལོ་བཅུ་དྲུག་ཐོག་གངས་ལྗོངས་ལྷ་སྡེ་མི་སྡེ་ཡོངས་ཀྱིས་ཇི་ལྟར་གསོལ་བ་བཏབ་པ་བཞིན་བོད་ཀྱི་རྒྱལ་སྲིད་ཆོས་སྲིད་ཀྱི་ཐུགས་འགན་བཞེས་ཏེ། ཐབས་མཁས་འཕྲུལ་མཛངས་ཀྱི་སྒོ་ནས་ལོ་ངོ་བཅུ་ཙམ་རིང་གུ་ཤངས་བསྟུན་མཁས་ཀྱིས་འབད་བརྩོན་རིམ་པ་གནང་ཡང་རྒྱ་ནག་གཞུང་གིས་དྲག་གནོན་ཇེ་ཆེར་བཏང་བར་བརྟེན། མཐར་ཕྱི་ལོ་ ༡༩༥༩ ལོར་རྒྱ་གར་དུ་བཙན་བྱོལ་ལ་ཕེབས་དགོས་བྱུང་”ཞེས་བཙན་བྱོལ་ནང་མཛད་འཕྲིན་ཁག་དང་བོད་མི་གནས་སྡོད་བྱེད་ས་གང་སར་འཁྲུངས་སྐར་སྲུང་བརྩི་ཞུ་བཞིན་ཡོད་པའི་སྐོར་འཁོད་ཡོད་པ་རེད།

བོད་ནང་ཆོས་དད་རང་དབང་མེད་སྐོར་དང་འབྲེལ་ནས་འཁོད་དོན། “གཞིས་བཞུགས་བོད་མི་རྣམས་ལ་ང་ཚོ་རང་དབང་ལུང་པ་ལྟར་སྲུང་བརྩི་ཞུ་བའི་གོ་སྐབས་བྲལ་བར་བརྟེན་མགོན་པོ་མཆོག་གི་གསེར་ཞལ་རང་ཉིད་ཀྱི་ཡིད་ལ་བསྒོམས་ནས་སྐུ་ཚེ་༸ཞབས་པད་བསྐལ་བརྒྱར་བརྟན་པ་དང་གསེར་ཞལ་མགྱོགས་ནས་མྱུར་དུ་མཇལ་བའི་སྨོན་ལམ་བཏབ་པ་སོགས་རྣམ་པ་མི་འདྲ་བའི་ཐོག་ནས་སྲུང་བརྩི་ཞུ་བཞིན་ཡོད། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་གཞིས་བྱེས་བོད་མིའི་བདེན་དོན་འཐབ་རྩོད་ཙམ་མིན་པར་འཛམ་གླིང་ཞི་བདེ་དང་འཛམ་གླིང་གི་སྐྱེ་འགྲོ་ཀུན་ལ་བདེ་སྐྱིད་བསྐྲུན་ཐབས་སུ། འགྲོ་བ་མིའི་རྒྱུད་ཀྱི་བཟང་སྤྱོད་གོང་འཕེལ་གཏོང་རྒྱུ་སྐུ་ཚེའི་ཐུགས་བསྐྱེད་དམ་བཅའ་ཇི་ལྟར་མཛད་བཞེས་གནང་བ་ལྟར་མཛད་འཕྲིན་རྒྱ་ཆེ་སྐྱོང་བཞིན་པ་མཐོང་ཆོས་སུ་ཡོད། དེ་ཡང་དེང་རབས་ཀྱི་ཤེས་བྱ་གཅིག་པུས་འགྲོ་བ་ཡོངས་ལ་བདེ་སྐྱིད་རྣལ་མ་ཞིག་བསྐྲུན་མི་ཐུབ་པར་བརྟེན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་ཆུང་ས་མི་སྒེར་ཞིག་ནས་ཆེ་ས་སྐྱེ་འགྲོ་ཡོངས་ལ་བདེ་སྐྱིད་བསྐྲུན་སླད། འགྲོ་བ་མིའི་ཡ་རབས་སྤྱོད་བཟང་གོང་མཐོར་གཏོང་ཆེད་ཆོས་ལུགས་ལ་མ་བརྟེན་པའི་ཐོག་ནས་བྱམས་པ་དང་། སྙིང་རྗེ། བཟོད་སྲན། གཞན་ཕན་སོགས་ཕྲུ་གུ་ལོ་ན་ཆུང་དུས་ནས་རང་རྒྱུད་ལ་འཇགས་དགོས་པ་གལ་ཆེར་གཟིགས་ཏེ། གཞི་རིམ་དང་མཐོ་རིམ་སློབ་གྲྭ་ཁག་གི་བསླབ་གཞིའི་ནང་བཟང་སྤྱོད་དེ་དག་འཇུག་ཐབས་ཆེད། རྒྱ་གར་དང་ཕྱི་རྒྱལ་ཡུལ་ཁག་གི་མཐོ་རིམ་དང་གཞི་རིམ་སློབ་གྲྭའི་འགོ་འཁྲིད་དང་ཤེས་ཡོན་འགན་འཛིན་སོགས་མང་པོ་མཇལ་འཕྲད་ཀྱིས་བཀའ་སློབ་ལམ་སྟོན་བསྩལ་དང་སྩོལ་མུས་ལ་ཕྱོགས་ཡོངས་ནས་ངོས་བཞེས་དང་ཚད་མཐོའི་རྒྱབ་སྐྱོར་ཞུས་དང་ཞུ་བཞིན་ཡོད་པ་མ་ཟད། མགོན་པོ་མཆོག་ནས་ཐུགས་རེ་ལམ་སྟོན་ཇི་ལྟར་མཛད་པ་ལྟར་ནུབ་ཕྱོགས་ཀྱི་ཤེས་ཡོན་སྡེ་ཚན་ཁག་ཅིག་ནས་དངོས་སུ་ལག་བསྟར་ཡང་བྱེད་བཞིན་ཡོད་པ་ནི་བསྔགས་འོས་སུ་གྱུར་བ་ཞིག་ཡིན་”ཞེས་དང་།སངས་རྒྱས་ཆོས་ལུགས་རྒྱུད་འཛིན་དང་ཁྱབ་སྤེལ་གནང་བའི་མཛད་འཕྲིན་ཁག་དང་། “༸གོང་ས་མཆོག་གི་མཛད་རྗེས་དེ་དག་ལ་འཛམ་གླིང་ཕྱོགས་ཀུན་ནས་ཡི་རངས་ཏེ་སྙན་གྲགས་ཆེ་བའི་ནོ་སྦེལ་ཞི་བདེའི་གཟེངས་རྟགས་ཀྱིས་མཚོན་གཟེངས་བསྟོད་གྲངས་ ༡༥༠ བརྒལ་བ་འབུལ་བཞེས་བྱུང་ཡོད་པ་དང་། གླིང་ཆེན་དྲུག་གི་རྒྱལ་ཁབ་ ༧༠ ཙམ་ལ་༸ཞབས་ཀྱི་པད་མོ་རྣམ་པར་བཀོད་དེ་ཐུགས་བསྐྱེད་དམ་བཅའ་གསུམ་གྱི་ཐོག་མཛད་འཕྲིན་བསྐྱངས་དང་སྐྱོང་བཞིན་པ་བཅས་མཚན་སྙན་མཛད་འཕྲིན་ཡར་ངོའི་ཟླ་ལྟར་རྒྱས་བཞིན་པ་ལ་རྒྱ་ནག་གཞུང་གིས་དངོས་ཤུགས་བརྒྱུད་གསུམ་ནས་འགོག་རྐྱེན་བཟོ་ཐབས་ཀྱི་ལས་འགུལ་ཇི་འདྲ་ཞིག་བརྩམས་ཀྱང་དོན་འབྲས་སོན་རྒྱུའི་ཚབ་ཏུ་རྒྱ་ནག་གཞུང་དང་དེའི་རྒྱུགས་ཁྱི་ཚོ་རང་ཉིད་ངོ་གནོང་དགོས་པ་ཆགས་བཞིན་པ་ནི་ས་རིས་ཐང་གསལ་དུ་གྱུར་ཡོད་”ཅེས་༧གོང་ས་མཆོག་གི་རྒྱལ་སྤྱིའི་ནང་གི་མཛད་འཕྲིན་ཁག་འཁོད་ཡོད་པ་རེད།

གཏམ་བཤད་ནང་མུ་མཐུད་འཁོད་དོན། “རྒྱ་ནག་ལ་མཚོན་ན་འདི་ལོ་ཕྱི་ཟླ་ ༡༡ ནང་ཏང་གི་ཚོགས་ཆེན་ཐེངས་ ༡༩ པ་དེ་ཚོགས་པའི་རྗེས་སྲིད་འཛིན་ཞི་ཅིན་ཕིང་དབང་ཆ་ཆ་ཚང་ཡོད་པའི་རྒྱ་ནག་གི་སྲིད་འཛིན་ལས་ཡུན་གཉིས་པ་དེ་ཆགས་རྒྱུ་ཡིན་པ་དང་རྒྱ་ནག་གི་མི་རབས་དྲུག་པའི་འགོ་འཁྲིད་གཏན་འཁེལ་ཡོང་རྒྱུ་ཡིན་ན་ཡང་། གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་དང་རང་དབང་མེད་ཁར་མུ་མཐུད་དམ་དྲག་ངང་གནས་བཞིན་ཡོད་”རྒྱ་མི་རང་ཡིན་པ་ནོ་སྦེལ་ཞི་བདེའི་གཟེངས་རྟགས་བཞེས་མཁན་ལིའུ་ཞའོ་པའོ་དང་། དེ་བཞིན་ནང་དམ་དྲག་ཧ་ཅང་བྱས་ཏེ། བོད་མི་མང་པོ་བཙོན་འཇུག་བྱས་ཡོད་ནའང་། བོད་མི་ཚོས་ངོ་རྒོལ་རྒྱུན་ཆད་མེད་པར་སྤེལ་བཞིན་ཡོད་སྐོར་འཁོད་ཡོད་པ་རེད།

“རྒྱ་གཞུང་གིས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནི་བོད་ཀྱི་གནད་དོན་འགྲིག་འཇགས་ཡོང་ཆེད་ཀྱི་ཐབས་ལམ་ཡིན་པ་ལས་འགོག་རྐྱེན་མིན་པ་གསལ་པོ་ངོ་འཕྲོད་པའི་ཐོག་ནས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་ཚབ་དང་ལྷན་དུ་གྲོས་མོལ་འཕྲལ་དུ་འགོ་འཛུགས་བྱེད་དགོས་པ་ནན་བརྗོད་བྱེད་རྒྱུ་དང་ཆབས་ཅིག བཀའ་ཤག་གི་ངོས་ནས་བོད་རྒྱ་གཉིས་སྨན་དབུ་མའི་ལམ་གྱི་སྲིད་བྱུས་རྒྱུན་འཁྱོངས་ཐོག བོད་རིགས་ཡོངས་ལ་མིང་དོན་མཚུངས་པའི་རང་སྐྱོང་ཡོང་ཐབས་ཁོ་ན་ལས་རང་བཙན་རྩོད་སྒྲུབ་བྱེད་ཀྱི་མེད་པ་ད་རེས་ཀྱི་གོ་སྐབས་འདི་བརྒྱུད་བསྐྱར་དུ་ནན་བརྗོད་བྱེད་རྒྱུ་ཡིན་”ཞེས་དང་། རྒྱལ་སྤྱིའི་ཐོག་ནས་དབུ་མའི་ལམ་གྱི་སྲིད་ཇུས་ལ་རྒྱབ་སྐྱོར་ཡོད་སྐོར་དང་མ་འོངས་མུ་མཐུད་ནུས་ཤུགས་འདོན་གྱི་ཡིན་སྐོར་འཁོད་ཡོད་པ་རེད།།

གསར་འགོད་པ་ཆོས་ཉིད་འོད་ཟེར།

Share on Facebook0Tweet about this on TwitterShare on Google+0Share on LinkedIn0Email this to someone
0 commentsViews: 171

Leave a Reply