༧གོང་ས་མཆོག་དང་བྷ་རག་ཨོ་བྷ་མ་གཉིས་མཇལ་འཕྲད་གནང་འདུག

༧གོང་ས་མཆོག་དང་ཨ་རིའི་སྲིད་འཛིན་ཟུར་པ་རྣམ་གཉིས་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་མཇལ་འཕྲད་གནང་འདུག་པ་དང་། འཛམ་གླིང་གི་གནས་སྟངས་ཡར་རྒྱས་གང་འདྲ་གཏོང་དགོས་མིན་ཐད་བཀའ་སྡུར་གནང་ཡོད་པ་རེད་འདུག

Tibet.net

ཟླ་འདིའི་ཚེས་༡ ཉིན་གྱི་སྔ་དྲོའི་ཆུ་ཚོད་༧ དང་སྐར་མ་༡༥ ཙམ་ལ་༧གོང་ས་མཆོག་དྷ་སའི་ཉེ་འགྲམ་གྱི་གྷ་གྷལ་གནམ་ཐང་བརྒྱུད། རྒྱལ་ས་ལྡི་ལིར་ཆིབས་བསྒྱུར་བསྐྱངས་ནས་དེ་གར་ཞབས་སོར་འཁོད་རྗེས། ལྡི་ལིའི་མུར་ཡ་གསོལ་མགྲོན་ཁང་དུ་ཨ་རིའི་སྲིད་འཛིན་ཟུར་པ་བྷ་རག་ཨོ་བྷ་མ་དང་སྐར་མ་༤༥ ཙམ་གྱི་རིང་མཇལ་འཕྲད་གནང་ཡོད་པ་རེད་འདུག

མཇལ་འཕྲད་གྲུབ་རྗེས་ཕྱིར་གྷ་གྷལ་གནམ་ཐང་དུ་ཉིན་གུང་ཆུ་ཚོད་༡༢ དང་སྐར་མ་༤༠ ཙམ་ལ་ཞབས་སོར་འཁོད་སྐབས། ༧གོང་ས་མཆོག་གིས་གསར་འགོད་པ་ཚོར་སྲིད་འཛིན་ཟུར་པ་ཨོ་བྷ་མ་ནི་སྔོན་མ་ནས་ངོ་ཤེས་པ་ཞིག་ཡིན་པ་དང་། གྲོགས་པོ་བློ་འགེལ་ཞིག་ཆགས་ཡོད་པ། ཁོང་ནི་མི་ཁ་གསལ་གཏིང་གསལ་ཅན་ཞིག་ཡིན་པ། དེང་གི་ཆར་༧གོང་ས་མཆོག་ཁོང་ཉིད་སྐུ་གཟུགས་ལ་བརྟེན་ནས་ཨ་རི་བར་གནམ་གྲུའི་ནང་ཕེབས་ཐུབ་རྒྱུ་ཁག་པོ་ཡིན་པས། ཐེངས་འདིར་ཁོང་རྒྱ་གར་ལ་སླེབས་ཡོད་པ་དང་བསྟུན། མཇལ་འཕྲད་གནང་འདོད་བྱུང་བས། མཇལ་འཕྲད་གནང་ནས་དེང་གི་ཆར་འཛམ་གླིང་ནང་མིས་བཟོས་པའི་དཀའ་ངལ་མང་པོ་འབྱུང་བཞིན་ཡོད་པས། མི་གཅིག་འགྱུར་གྱི་འདུ་ཤེས་ཐོག་ནས་དཀའ་ངལ་དེ་དག་མེད་པ་བཟོ་དགོས་པའི་སྐོར་ལ་བཀའ་སྡུར་བྱུང་སྐོར་གསུངས་འདུག

བོད་མིའི་སྒྲིག་འཛུགས་ཀྱི་དྲ་རྒྱའི་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། ད་བར་༧གོང་ས་མཆོག་དང་བྷ་རག་ཨོ་བྷ་མའི་བར་ལ་མཇལ་འཕྲད་ཐེངས་༦ གནང་ཡོད་འདུག་པ་དང་། དེ་ཡང་ཐོག་མར་ཕྱི་ལོ་༢༠༠༥ ལོར་ཁོང་གྲོས་ཚོགས་གོང་མའི་འཐུས་མི་ཡིན་པའི་སྐབས་དང་། དེ་རྗེས་སྲིད་འཛིན་ལས་ཐོག་ཡིན་པའི་སྐབས་སུ་མཇལ་འཕྲད་ཐེངས་༤ དང་། ཐེངས་འདིར་སྲིད་འཛིན་ཟུར་པ་ཡིན་པའི་སྐབས་སུ་མཇལ་འཕྲད་གནང་བ་བཅས་ཡིན་འདུག

དེ་ཡང་སྲིད་འཛིན་ཟུར་པ་ཁོང་ཟླ་༡༡ པའི་ཚེས་༢༩ ཉིན་རྒྱ་ནག་གི་རྒྱལ་ས་པེ་ཅིང་དུ་སྲིད་འཛིན་ཞི་ཅིན་ཕིང་དང་མཇལ་འཕྲད་བྱས་རྗེས། ཟླ་༡༡ པའི་ཚེས་༣༠ ཉིན་རྒྱ་གར་དུ་འབྱོར་ཡོད་འདུག་པ་དང་། རྒྱ་གར་ནང་ལས་དོན་གཞན་དང་འབྲེལ། སྲིད་བློན་མོ་ཌི་དང་མཇལ་འཕྲད་གནང་རྒྱུ་ཡིན་འདུག །

གསར་འགོད་པ་སྐལ་བཟང་དོན་གྲུབ།

Print Friendly, PDF & Email
Share on Facebook0Tweet about this on TwitterShare on Google+0Share on LinkedIn0Email this to someone
0 commentsViews: 337

Leave a Reply