༧གོང་ས་མཆོག་ནས་ཨང་སན་སུ་ཅི་ལ་འབོད་སྐུལ་གནང་ཡོད་འདུག

༧གོང་ས་མཆོག་ནས་ཨང་སན་སུང་ཅི་ལ་རུང་གྷི་ཡ་ཁ་ཆེ་གྲངས་ཉུང་མི་རིགས་ཀྱི་ཛ་དྲག་གནས་སྟངས་ཞི་བའི་སྒོ་ནས་སེལ་ཐུབ་པ་ཡོང་བའི་འབོད་སྐུལ་གནང་ཡོད་འདུག

ཟླ་འདིའི་ཕྱི་ཚེས་༡༡ ཉིན་རྒྱ་གར་ཧིན་རྡུ་སི་ཐན་སོགས་གསར་ཁང་ཁག་ཅིག་གིས་སྤེལ་བའི་གནས་ཚུལ་ནང་གསལ་བ་ལྟར་ན། མི་ཕལ་མོ་ཆེ་ནང་པ་ཡིན་པའི་འབར་མའི་རྒྱལ་ཁབ་ཏུ་དྲག་གནོན་གྱི་རྐྱེན་པས་ཁ་ཆེ་གྲངས་ཉུང་མི་རིགས་རུང་གྷི་ཡའི་མི་མང་༣༠༠,༠༠༠ ཡས་མས་ཙམ་བྲོས་བྱོལ་དུ་འགྲོ་དགོས་བྱུང་ཡོད་པར་༧གོང་ས་མཆོག་གིས་ཐུགས་ཕམ་ཆེན་པོ་བྱུང་སྐོར་དང་། ལྕམ་ཨང་སན་སུ་ཅི་ལ་ཛ་དྲག་གི་དཀའ་ངལ་དེ་སེལ་ཕྱིར་ཞི་བའི་ཐབས་ལམ་འཚོལ་དགོས་པའི་འབོད་སྐུལ་གནང་དོན་དུ། “ངོས་ནས་ཁྱེད་དང་ཁྱེད་ཀྱི་ཟླ་རོགས་དབུ་ཁྲིད་རྣམ་པས་སྤྱི་ཚོགས་ཀྱི་རིགས་རུས་ཚང་མར་གཟིགས་ནས་ཞི་བདེ་དང་འགྲིག་འཇགས་ཀྱི་ལམ་ནས་འཆམ་མཐུན་བསྐྱར་གསོ་ཡོང་བའི་རེ་སྐུལ་ཞུ་བཞིན་ཡོད།”ཅེས་འཁོད་པའི་གསུང་འཕྲིན་ཞིག་གནང་ཡོད་འདུག་པ་(AFP) གསར་ཁང་གིས་མཐོང་ཡོད་འདུག

དེ་བཞིན་ཁོང་གིས་འབར་མའི་ནང་གི་ཁ་ཆེ་གྲངས་ཉུང་མི་རིགས་རུང་གྷི་ཡའི་ཛ་དྲག་གནས་སྟངས་ལ་ཐུགས་ཕམ་ཧ་ཅང་ཆེན་པོ་བྱུང་སྐོར་དང་། སྟོན་པ་སངས་རྒྱས་བཅོམ་ལྡན་འདས་ཀྱིས་རུང་གྷི་ཡར་ཏན་ཏན་ཐུགས་བརྩེ་བ་ཆེན་པོས་གཟིགས་ཀྱི་རེད་ཅེས་གསུངས་ཡོད་འདུག་པ་མ་ཟད།“འབར་མའི་ནང་གི་ཁ་ཆེ་གྲངས་ཉུང་མི་རིགས་རུང་གྷི་ཡར་སྡུག་པོ་གཏོང་མཁན་ཚོས་ངེས་པར་དུ་སྟོན་པ་སངས་རྒྱས་བཅོམ་ལྡན་འདས་དྲན་དགོས་རེད། གནས་སྟངས་འདི་འདྲའི་སྐབས་སུ་སྟོན་པ་ཡིད་ལ་བསྒོམས་ཚེ་ཉམ་ཐག་ཁ་ཆེ་བ་དེ་དག་ལ་ཕན་གྱི་རེད་”ཅེས་ཀྱང་གསུང་ཡོད་འདུག

འདི་ལོའི་ཕྱི་ཟླ་༨ པའི་ཕྱི་ཚེས་༢༥ ནས་བཟུང་འབར་མའི་ནང་གི་རུང་གྷི་ཡ་ཁ་ཆེ་གྲངས་ཉུང་མི་རིགས་ལ་དྲག་གནོན་བྱུང་ནས་ད་བར་མི་༣༠༠,༠༠༠ ལྷག་ཁྱིམ་མཚེས་རྒྱལ་ཁབ་བྷང་ལ་དྷེ་ཤི་རུ་བྲོས་བྱོལ་དུ་ཕྱིན་ཡོད་འདུག

ཉེ་ཆར་འབར་མ་རྒྱལ་ཁབ་ཀྱི་རུང་གྷི་ཡ་ཁ་ཆེ་གྲངས་ཉུང་མི་རིགས་ལ་དྲག་རྒོལ་གྱི་གནས་ཚུལ་ཆེན་པོ་ཁྱབ་བཞིན་པ་དང་བསྟུན། ནོ་བྷེལ་ཞི་བདེའི་གཟེངས་རྟགས་བཞེས་མྱོང་མཁན་པ་ཀི་སི་ཐན་གྱི་བུ་མོ་མ་ལ་ལ་ཡུ་ས་ཧྥི་རྫ་དང་། ལྷོ་ཨ་ཧྤི་རི་ཀའི་ཆོས་དཔོན་ཌེ་སི་མོན་ཌི་ཊུ་ཊུ་གཉིས་ཀྱིས་ཀྱང་ཨང་སན་སུ་ཅི་ལ་སྐྱོན་བརྗོད་བྱས་ཡོད་འདུག་པ་མ་ཟད།འཛམ་གླིང་མཉམ་འབྲེལ་རྒྱལ་ཁབ་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་སོགས་ཐོབ་ཐང་ཚོགས་པ་ཁག་གིས་སྐྱོན་བརྗོད་བྱེད་མུས་ཡིན་འདུག

འདས་པའི་ལོ་ཟླའི་ནང་༧གོང་ས་མཆོག་གཙོས་པའི་ནོ་བྷེལ་ཞི་བདེའི་གཟེངས་རྟགས་བཞེས་མྱོང་མཁན་མི་སྣ་གྲགས་ཅན་མང་པོ་ཞིག་གིས་ལྕམ་ཨང་སན་སུ་ཅི་ལ་འབར་མའི་ཁ་ཆེ་གྲངས་ཉུང་མི་རིགས་ཀྱི་གནས་སྟངས་ལ་སེམས་ཁུར་དགོས་པའི་རེ་སྐུལ་ཞུས་ཡོད་འདུག་ཀྱང་། ལྕམ་ཨང་སན་སུ་ཅི་ཡིས་ད་བར་དྲག་རྒོལ་དེའི་ཐོག་སྐྱོན་བརྗོད་བྱས་མེད་པ་མ་ཟད། འབར་མའི་ནང་གི་ཁ་ཆེ་མི་རིགས་ལ་བཙན་གནོན་དང་དྲག་རྒོལ་གྱི་གནད་དོན་བྱུང་གི་ཡོད་པར་ཡང་ཁས་ལེན་གཙང་མ་བྱས་མེད་ཁར་དྲག་རྒོལ་དེ་ཕྱོགས་གཉིས་ཀར་ཡོང་གི་ཡོད་སྐོར་བརྗོད་ཡོད་པ་རེད་འདུག །

གསར་འགོད་པ་བཀྲ་ཤིས་དོན་གྲུབ།

Search

|གླ་ཡོད་གསལ་བསྒྲགས། |

|| ཟུར་ཟའི་རི་མོ། ||