༧གོང་ས་མཆོག་ལ་མ་ནི་པུར་དུ་གདན་ཞུའི་གསོལ་འདེབས།

བོད་མི་མང་གི་ཆོས་ལུགས་ཀྱི་དབུ་ཁྲིད་༧ཏཱ་ལའི་བླ་མ་ཕྱི་ཟླ་༡༠ པའི་ནང་གི་ཞི་བདེའི་ཚོགས་ཆེན་ཆེད་ཕལ་ཆེར་མ་ནི་པུར་དུ་ཕེབས་གནང་གི་རེད་ཅེས་རྒྱ་གར་བྱང་ཤར་མ་ནི་པུར་མངའ་སྡེའི་གྲོགས་ཚོགས་ཀྱི་ཚོགས་གཙོས་གསུངས་ཡོད་འདུག

ཟླ་འདིའི་ཕྱི་ཚེས་༤ ཉིན་ཤར་ཕྱོགས་ཀྱི་མེ་ལོང་ཞེས་པའི་རྒྱ་གར་གྱི་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། རྒྱ་གར་བྱང་ཤར་གྱི་མངའ་སྡེ་མ་ནི་པུར་གྲོས་ཚོགས་ཀྱི་ཚོགས་གཙོ་ཡུན་ནཱན་ཁེམ་ཅན་ཌིས་༧གོང་ས་མཆོག་འདི་ལོའི་ཕྱི་ཟླ་༡༠ པའི་ནང་རྒྱལ་སྤྱིའི་ཞི་བདེའི་ཚོགས་ཆེན་ཆེད་མ་ནི་པུར་དུ་ཆིབས་སྒྱུར་གནང་རྒྱུའི་གསོལ་འདེབས་ཞུས་ཡོད་འདུག

མ་ནི་པུར་མངའ་སྡེའི་གྲོས་ཚོགས་ཀྱི་ཚོགས་གཙོ་ཡུན་ནཱན་ཁེམ་ཅན་ཌི་ཉེ་ཆར་ཧི་མ་ཅལ་མངའ་སྡེའི་རྒྱལ་ས་སིམ་ལ་རུ་ཡོད་པའི་ཧི་མ་ཅལ་མངའ་སྡེ་གཙུག་ལག་སློབ་གཉེར་ཁང་དུ། ‘རྒྱ་གར་གྱི་རུས་སྡེ་དང་སྤྱི་ཚོགས་ཀྱི་གནད་དོན་’ཐད་ཀྱི་ཚོགས་ཆེན་ལ་ཕེབས་པ་དང་སྟབས་བསྟུན་ནས། དྷ་རམ་སར་ཡོང་ནས་༧གོང་ས་མཆོག་གི་སྐུ་མདུན་དུ་ཆེད་བཅར་ཞུས་ཏེ་༧གོང་ས་མཆོག་ལ་རྒྱལ་སྤྱིའི་ཞི་བདེའི་ཚོགས་ཆེན་དེར་ཆིབས་བསྒྱུར་གནང་རྒྱུའི་གསོལ་འདེབས་ཞུས་ཡོད་འདུག

དེ་དང་འབྲེལ་ནས་ཁོང་གིས་“བོད་མི་མང་གི་ཆོས་ལུགས་ཀྱི་དབུ་ཁྲིད་༧ཏཱ་ལའི་བླ་མ་ཕྱི་ཟླ་༡༠ པའི་ནང་གི་ཞི་བདེའི་ཚོགས་ཆེན་ཆེད་ཕལ་ཆེར་མ་ནི་པུར་དུ་ཕེབས་གནང་གི་རེད།”ཅེས་གསུང་ཡོད་འདུག་ཁར། ད་ལྟའི་དུས་སུ་ཞི་བདེ་དེ་དགོས་ངེས་ཅན་ཞིག་ཡིན་པ་༧གོང་ས་མཆོག་གིས་གསུང་བཞིན་པ་ལྟར། ཁོ་རང་མི་སྒེར་གྱི་ངོས་ནས་ཚོགས་ཆེན་དེར་༧གོང་ས་མཆོག་ཆིབས་སྒྱུར་གནང་ནས་ཞི་བདེའི་གསུང་འཕྲིན་གནང་རྒྱུའི་རེ་སྐུལ་ཞུས་ཡོད་སྐོར་དང་། ༧གོང་ས་མཆོག་ནས་དེར་བཟང་ཕྱོགས་ཀྱི་ལན་འདེབས་གནང་བྱུང་སྐོར་བཅས་བརྗོད་ཡོད་འདུག

འབྱུང་འགྱུར་གྱི་ཚོགས་ཆེན་དེ་ནི་རྒྱ་གར་བྱང་ཤར་གྱི་མངའ་སྡེ་རྣམས་སུ་ཞི་བདེ་ཡོང་ཐབས་སུ་དམིགས་པ་ཞིག་ཡིན་འདུག་ཀྱང་། ནམ་ཞིག་ལ་འཚོག་རྒྱུ་ཡིན་མིན་གྱི་ཚེས་གྲངས་གཏན་འཁེལ་བཟོས་ཟིན་མེད་འདུག །

གསར་འགོད་པ་བཀྲ་ཤིས་དོན་གྲུབ།

Print Friendly, PDF & Email
Share on Facebook0Tweet about this on TwitterShare on Google+0Share on LinkedIn0Email this to someone
0 commentsViews: 232

Leave a Reply