༧པཎ་ཆེན་རིན་པོ་ཆེ་བཙན་ཁྲིད་བྱས་ནས་ལོ་ངོ་༢༢ ཧྲིལ་པོ་འཁོར་བ།

༧པཎ་ཆེན་རིན་པོ་ཆེ་སྐུ་ཕྲེང་བཅུ་གཅིག་པ་དགེ་འདུན་ཆོས་ཀྱི་ཉི་མ་མཆོག རྒྱ་ནག་གཞུང་གིས་ཕྱི་ལོ་༡༩༩༥ ལོའི་ཟླ་༥ པའི་ཚེས་༡༧ ཉིན་བཙན་ཁྲིད་བྱས་ཏེ་ལོ་ངོ་༢༢ ཧྲིལ་པོ་འཁོར་བའི་ཉིན། བོད་ཀྱི་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་ཅིག་གིས་དྷ་སར་ཁོང་གི་གནས་སྟངས་སྐོར་ཁྱབ་བསྒྲགས་དང་ཞུག་གཏུག དེ་བཞིན་ཞི་བའི་གོམ་བགྲོད་ཀྱི་སྐད་འབོད་ལས་འགུལ་སྤེལ་ཡོད་པ་རེད།

ཟླ་འདིའི་ཚེས་༡༧ ཉིན་དྷ་ས་མེག་གྷན་གྱི་བཞི་མདོ་དང་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་གི་དཔའ་བོའི་རྡ་རིང་བཅས་སུ། དྷ་ས་ས་གནས་བོད་ཀྱི་གཞོན་ནུ་ལྷན་ཚོགས་དང་ས་གནས་བོད་ཀྱི་བུད་མེད་ལྷན་ཚོགས། རྒྱ་གར་བོད་རང་བཙན་སློབ་ཕྲུག་ཚོགས་པ་བཅས་ཀྱིས། པཎ་ཆེན་རིན་པོ་ཆེ་རྒྱ་ནག་གཞུང་གིས་བཙན་ཁྲིད་བྱས་པའི་གནད་དོན་དང་འབྲེལ་བའི་གཏམ་བརྗོད་གཅིག་འཁྲབ་སྟོན་བྱས་ཡོད་པ་དང་། དེ་རྗེས་དབུས་དང་དྷ་ས་ས་གནས་བོད་ཀྱི་བུད་མེད་ལྷན་ཚོགས་གཉིས་ཀྱི་གོ་སྒྲིག་འོག མི་མང་མཉམ་ཞུགས་ཀྱིས་དཔའ་བོ་རྡོ་རིང་དང་རྡ་ཤོད་ཀ་ཅ་རི་བར་ཞི་བའི་གོམ་བགྲོད་དང་སྐད་འབོད་ཀྱི་ལས་འགུལ་སྤེལ་སོང་།

དྷ་ས་ས་གནས་བོད་ཀྱི་གཞོན་ནུ་ལྷན་ཚོགས་དང་བོད་ཀྱི་བུད་མེད་ལྷན་ཚོགས། རྒྱ་གར་བོད་རང་བཙན་སློབ་ཕྲུག་ཚོགས་པ་བཅས་ཀྱིས་སྤེལ་བའི་གསར་འགོད་གསལ་བསྒྲགས་ནང་དུ། རྒྱ་ནག་གཞུང་གིས་༧པཎ་ཆེན་རིན་པོ་སྐུ་འཚོ་བཞུགས་ཡིན་ལུགས་བཤད་བཞིན་ཡོད་པ་ལྟར། ད་ལྟ་གང་དུ་བཞུགས་ཡོད་མེད་དང་། སྐུ་ཡོན་གསར་བཞེས་ཇི་འདྲ་གནང་གི་ཡོད་མེད་སོགས་བོད་དང་བོད་མི་གཙོས་འཛམ་གླིང་མང་ཚོགས་མདུན་དུ་གསལ་པོ་བཟོ་དགོས་པ་ནན་སྐུལ་དང་། མཉམ་སྦྲེལ་རྒྱལ་ཚོགས་དང་འཛམ་གླིང་ཡུལ་གྲུ་ཀུན་གྱི་དབུ་ཁྲིད་ཚོས། ད་ལྟ་བར་༧པཎ་ཆེན་རིན་པོ་ཆེའི་གནས་བབ་སྐོར་རྒྱ་ནག་གཞུང་ལ་གནོན་ཤུགས་གང་མང་སྤྲོད་བཞིན་ཡོད་པར་བཀྲིན་ཆེ་ཞུ་རྒྱུ་དང་། ད་དུང་ཡང་གྲུབ་འབྲས་ཅི་ཡང་སོན་མེད་པས་མུ་མཐུད་རྒྱབ་སྐྱོར་ཡོང་བ་མ་ཟད། རྒྱལ་སྤྱིའི་མི་མང་ཡོངས་ཀྱིས་རྒྱབ་སྐྱོར་གནང་རོགས་ཞུ་རྒྱུ་ཡིན་པའི་དགོས་འདུན་གཉིས་བཏོན་འདུག

དབུས་བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་ཚོགས་གཞོན་ཚེ་རིང་སྒྲོལ་མས། དེ་རིང་ས་གནས་གང་སར་ཡོད་པའི་བོད་ཀྱི་བུད་མེད་ལྷན་ཚོགས་ཀྱིས། རང་ཉིད་ཀྱི་ས་ཆའི་གནས་བབ་དང་བསྟུན་ནས་ཞུ་གཏུག་དང་ལས་འགུལ་འདྲ་མིན་སྤེལ་གྱི་ཡོད་ཁར། རྒྱལ་ས་ལྡི་ལིར་མཉམ་སྦྲེལ་རྒྱལ་ཚོགས་དང་། རྒྱལ་སྤྱིའི་རྒྱལ་ཁབ་ཁག་གི་གཞུང་ཚབ་ཏུ་ཞུ་གཏུག་གི་ལས་འགུལ་སྤེལ་གྱི་ཡོད་སྐོར་འགྲེལ་བརྗོད་བྱས་སོང་།

དབུས་བོད་ཀྱི་བུད་མེད་ལྷན་ཚོགས་ཀྱིས་སྤེལ་བའི་གསར་འགོད་གསལ་བསྒྲགས་ནང་། ༧པན་ཆེན་རིན་པོའི་གནས་སྟངས་གསལ་སྟོན་བྱེད་དགོས་པ། ཁོང་དགུང་གྲངས་༢༨ ལ་ཕེབས་པའི་ལོ་གཞོན་འཚར་ལོངས་ཅན་གྱི་སྐུ་དཔར་མཁོ་སྤྲོད་དགོས་པ། མཉམ་སྦྲེལ་རྒྱལ་ཚོགས་འོག་ལ་ཡོད་པའི་རང་དབང་ཅན་གྱི་མི་ཚོས་གཟིགས་སྐྱོང་འོག་ནས་༧པཎ་ཆེན་རིན་པོ་ཆེ་དང་ཁོང་གི་སྐུ་འཁོར་ནང་མི་མཇལ་འཕྲད་གནང་བཅུག་དགོས་པ་དང་། དེ་བཞིན་ཁོང་རྣམ་པ་གཞན་དབང་སྟབས་བསྟུན་མ་དགོས་པའི་ཐོག་ནས་མགྱོགས་མྱུར་གློད་གྲོལ་དགོས་པ། བཀྲ་ཤིས་ལྷུན་པོའི་མཁན་པོ་དང་༧པཎ་ཆེན་རིན་པོ་ཆེའི་ཡང་སྤྲུལ་འཚོལ་ཞིབ་གནང་མཁན་གྱི་ཚོགས་ཆུང་གི་༧སྐྱབས་རྗེ་བྱ་བྲལ་རིན་པོ་ཆེ་མཆོག་གང་དུ་ཡོད་མེད་ཀྱི་གནས་ཚུལ་གསལ་སྟོན་དགོས་པ་བཅས་ཀྱི་དགོས་འདུན་བཏོན་འདུག

༧པཎ་ཆེན་རིན་པོ་ཆེ་སྐུ་ཕྲེང་བཅུ་གཅིག་པ་དགེ་འདུན་ཆོས་ཀྱི་ཉི་མ་མཆོག ཕྱི་ལོ་༡༩༨༩ ལོའི་༤ པའི་ཚེས་༢༥ ཉིན་ནག་ཆུ་ཁུལ་ལྷ་རི་རྫོང་དུ་འཁྲུངས་ཡོད་པ་དང་། ཕྱི་ལོ་༡༩༩༥ ལོའི་ཟླ་༥ པའི་ཚེས་༡༤ ཉིན་༧གོང་ས་མཆོག་གིས་རྒྱ་གར་ནས་་༧པཎ་ཆེན་རིན་པོ་ཆེ་སྐུ་ཕྲེང་བཅུ་པའི་ཡང་སྲིད་འཁྲུལ་བྲལ་ངོས་འཛིན་གྱི་ཡོངས་ཁྱབ་གསལ་བསྒྲགས་གནང་སྟེ། ཡང་སྲིད་མཆོག་བཀྲ་ཤིས་ལྷུན་པར་སློབ་གཉེར་གསན་བཞེས་དང་ཆོས་ཕྱོགས་མཛད་འགན་བཞེས་རྒྱུར་རྒྱ་ནག་གཞུང་གིས་མཐུན་འགྱུར་རོགས་རམ་ཡོང་བའི་རེ་འདུན་བཏོན་གནང་མཛད་ཡོད་པ་རེད་དེ། ཉིན་གསུམ་གྱི་རྗེས་ཏེ་ཟླ་༥ པའི་ཚེས་༡༧ ཉིན་༧པཎ་ཆེན་རིན་པོ་མཆོག་དང་ཁོང་གི་ནང་མི་རྣམས་རྒྱ་ནག་གཞུང་གིས་བཙན་ཁྲིད་བྱས་པ་དང་། དེའི་སྐབས་འཛམ་གླིང་ནང་གི་ཆབ་སྲིད་བཙོན་པ་ཆུང་ཤོས་དེ་ཆགས་ཡོད་པ་རེད།།

གསར་འགོད་པ་སྐལ་བཟང་དོན་གྲུབ།

 

Print Friendly, PDF & Email
Share on Facebook0Tweet about this on TwitterShare on Google+0Share on LinkedIn0Email this to someone
0 commentsViews: 169

Leave a Reply