༧རྒྱལ་དབང་ཀརྨ་པ་འབྲས་ལྗོངས་སུ་ཕེབས་འཇུག་དགོས་པའི་ལས་འགུལ།

འབྲས་ལྗོངས་སུ་གྲྭ་བཙུན་མི་མང་སྟོང་ཕྲག་མང་པོས་༧རྒྱལ་དབང་ཀརྨ་པ་ཨོ་རྒྱན་འཕྲིན་ལས་རྡོ་རྗེ་འབྲས་ལྗོངས་སུ་ཕེབས་འཇུག་དགོས་པའི་ལས་འགུལ་གཞི་རྒྱ་ཆེན་པོ་ཞིག་སྤེལ་ཡོད་པ་དང་། དེ་ཡང་རེས་མོས་ཟས་བཅད་ངོ་རྒོལ་གྱི་ལས་འགུལ་དེ་ལོ་ངོ་གཅིག་མ་འཁོར་སྔོན་ཕེབས་འཇུག་དགོས་པའི་དགོས་འདུན་བཏོན་ཡོད་འདུག

ཟླ་འདིའི་ཚེས་༡༩ ཉིན་འབྲས་ལྗོངས་བང་ཆེན་གྱི་ཚགས་ཤོག་སྟེང་གནས་ཚུལ་སྤེལ་གསལ། འབྲས་ལྗོངས་སུ་རྒྱ་ནག་དང་ས་མཚམས་སུ་འཁེལ་བའི་རྒྱ་གར་གྱི་མངའ་སྡེ་ལྔ་ཡི་སྤྱི་ཁྱབ་བློན་ཆེན་རྣམས། སྒང་ཏོག་ཏུ་ཚོགས་འདུ་འཚོག་གི་ཡོད་པ་དང་བསྟུན། རྒྱ་གར་དབུས་གཞུང་གི་ནང་སྲིད་བློན་ཆེན་སྒང་ཏོག་ཏུ་ཟླ་འདིའི་ཚེས་༡༩ ཉིན་འབྱོར་གྱི་ཡོད་པས། ཟླ་འདིའི་ཚེས་༡༨ ཉིན་གྲྭ་བཙུན་དང་མི་མང་། ཕྱོགས་འགལ་ཚོགས་པའི་ཚོགས་མི་སོགས་ཀྱིས་སྒང་ཏོག་ཏུ། ༧རྒྱལ་དབང་ཀརྨ་པ་མཆོག་འབྲས་ལྗོངས་སུ་ཕེབས་འཇུག་དགོས་པའི་གོམ་བགྲོད་ལས་འགུལ་ཞིག་སྤེལ་ཡོད་འདུག

སྐབས་དེར་འབྲས་ལྗོངས་ལིབ་ཆ་ཚོགས་པའི་ཚོགས་བསྐོང་འགན་འཛིན་ཚེ་བརྟན་བཀྲ་ཤིས་བྷུ་ཊིཡ་ཡིས། ཉིན་ཤས་རིང་སྒང་ཏོག་ཏུ་མངའ་སྡེ་ལྔ་ཡི་སྤྱི་ཁྱབ་བློན་ཆེན་གྱི་ཚོགས་འདུ་འཚོག་གི་ཡོད་པས། ཁོང་ཚོའི་ལས་འགུལ་ལ་བྱ་ར་བྱེད་མཁན་རྒྱ་གར་གསང་བའི་ལས་ཁུངས་ཀྱི་ལས་བྱེད་ཚོས། ཁོ་ཚོའི་དགོས་འདུན་དེ་ནང་སྲིད་བློན་ཆེན་ལ་ལན་བསྐྱལ་དགོས་ཀྱི་ཡོད་པ་དང་། དེ་བཞིན་ཁོ་ཚོའི་དགོས་འདུན་དངོས་དེ་༧རྒྱལ་དབང་ཀརྨ་པ་འབྲས་ལྗོང་སུ་ཕེབས་འཇུག་དགོས་པ་དེ་ཡིན་ཡང་། འབྲས་ལྗོངས་མངའ་སྡེ་གཞུང་གིས་ཁོང་ཚོའི་དགོས་འདུན་དེ་༧རྒྱལ་དབང་ཀརྨ་པ་མཆོག་རུམ་ཐེག་དགོན་པ་ཕེབས་འཇུག་དགོས་པ་ཡིན་ཚུལ་གྱི་འགྲེལ་བརྗོད་ལོག་པ་བརྒྱབ་ཡོད་སྐོར་ཡང་ལན་སྐྱེལ་དགོས་སྐོར་བརྗོད་ཡོད་འདུག

དེ་བཞིན་འདུ་འཛོམས་བྱུང་བའི་མི་མང་ལ་གཏམ་བཤད་བྱེད་མཁན་འབྲས་ལྗོངས་གྲོས་ཚོགས་འཐུས་མི་བསོད་ནམས་བླ་མ་ཡིས། ཁོང་ཆབ་སྲིད་པ་ཞིག་ཡིན་པའི་ངོས་ནས་དེ་གར་སླེབས་མེད་པ་དང་། དེ་ཡང་འབྲས་ལྗོངས་ཀྱི་ནང་པ་ཞིག་གི་ངོ་བོའི་ཐོག་ནས་སླེབས་པ་ཡིན། ཁོང་ཚོས་རྒྱལ་ཁབ་ཀྱི་རྩ་ཁྲིམས་བརྩི་སྲུང་བྱེད་ཀྱི་ཡོད་ཀྱང་། ཆོས་ཐོག་ལ་སླེབས་དུས་སྲོག་ཀྱང་བློས་གཏོང་བྱེད་ཐུབ་ཀྱི་ཡོད་པ། དེ་བཞིན་གྲྭ་པ་ཚོས་ཉིན་༣༡༥ རིང་རེས་མོས་ཀྱི་ཟས་བཅད་ངོ་རྒོལ་བྱས་ཡོད་ཀྱང་། གཞུང་གིས་ཡ་ལན་བྱས་མེད་པས། ཁོ་ཚོ་ཐད་ཀར་དབུས་གཞུང་གི་ནང་སྲིད་བློན་ཆེན་དང་ཐུག་འཕྲད་བྱས་ནས་དགོས་འདུན་འདོན་རྒྱུ་ཡིན་སྐོར་བརྗོད་ཡོད་འདུག

ལས་འགུལ་རྗེས་འདུ་འཛོམས་ཁོངས་ཀྱི་འགན་ཁུར་མི་སྣ་ཁག་ཅིག་མངའ་སྡེའི་སྤྱི་ཁྱབ་དྲུང་ཆེ་དང་ཐུག་འཕྲད་བྱུང་ཡོད་པ་དང་། མི་༡༥ བྱས་པའི་སྐུ་ཚབ་ཚོགས་པ་ཞིག་རྒྱ་གར་དབུས་ཀྱི་ནང་སྲིད་བློན་ཆེན་དང་ཐུག་འཕྲད་བྱ་འཇུག་རྒྱུ་ཁས་ལེན་བྱས་ཡོད་འདུག

རེས་མོས་ཟས་བཅད་ངོ་རྒོལ་བྱེད་བཞིན་པའི་གྲྭ་པ་ཚོས། ཁོང་ཚོའི་ལས་འགུལ་དེ་ཟླ་༧ པའི་ཚེས་༡༡ ཉིན་ནས་ལོ་གཅིག་འཁོར་གྱི་ཡོད་པས། དེའི་སྔོན་ལ་༧རྒྱལ་དབང་ཀརྨ་པ་ཕེབས་མ་བཅུག་ཚེ། ལས་འགུལ་དེ་ལས་ཆེ་བ་སྤེལ་རྒྱུའི་ཉེན་བརྡ་བཏང་ཡོད་འདུག

ཕྱི་ལོ་༢༠༡༥ པའི་ཟླ་༡༡ པའི་ཚེས་༡༧ ཉིན་འབྲས་ལྗོངས་ཀྱི་སྤྱི་ཁྱབ་བློན་ཆེན་པལ་ཝན་གྱིས་རྒྱ་གར་ནང་སྲིད་བློན་ཆེན་རཱཇེ་ན་ཋ་དང་མཇལ་འཕྲད་སྐབས། ༧རྒྱལ་དབང་ཀརྨ་པ་ཨུ་རྒྱན་ཕྲིན་ལས་རྡོ་རྗེ་མཆོག འབྲས་ལྗོངས་སུ་ཕེབས་འཇུག་དགོས་པའི་འབོད་སྐུལ་ཞུས་སྐབས། ནང་སྲིད་བློན་ཆེན་གྱིས་རྒྱ་གར་ཁྲིམས་ཐོག་ནས་རྒྱལ་དབང་མཆོག་འབྲས་ལྗོངས་ལ་ཕེབས་པར་བཀག་དགོས་པའི་སྲིད་ཇུས་མེད་པས། མ་འོངས་པར་གནད་དོན་དེ་སེལ་ཐུབ་པའི་རེ་བ་ཡོད་སྐོར་འགྲེལ་བརྗོད་གནང་ཡོད་པ་རེད། དེ་བཞིན་རྒྱ་གར་གྱི་སྲིད་བློན་མོ་རྡི་ལ་ཡང་དེའི་སྐོར་འབོད་སྐུལ་ཞུས་ཡོད་པ་རེད།

ཕྱི་ལོ་༢༠༡༦ ལོའི་ཟླ་༧ པའི་ཚེས་༦ ཉིན་འབྲས་ལྗོངས་མངའ་སྡེ་གཞུང་གིས་བཏང་བའི་གཞུང་འབྲེལ་ཡི་གེ་ཞིག་ནང་། ༧རྒྱལ་དབང་ཀརྨ་པ་མཆོག་འབྲས་ལྗོངས་ལ་ཆིབས་བསྒྱུར་བསྐྱངས་སྐབས། ཕེབས་བསུའི་གོ་སྒྲིག་བྱེད་མཁན་མི་ཞིག་ཀྱང་བསྐོ་བཞག་བྱས་འདུག་པ་དང་། ༧རྒྱལ་དབང་ཁོང་ལ་བློན་ཆེན་གནས་རིམ་གྱི་ཕེབས་བསུ་ཞུ་དགོས་སྐོར་འཁོད་འདུག་ཀྱང་། ད་བར་༧རྒྱལ་དབང་མཆོག་གི་ཡིག་ཚང་ལ་དེའི་སྐོར་རྒྱ་གར་གཞུང་ནས་བརྡ་ལན་གང་ཡང་འབྱོར་མེད་འདུག

ད་ལྟའི་ཆར་༧རྒྱལ་དབང་ཀརྨ་པ་མཆོག་དབྱིན་ཡུལ་དུ་མཛད་འཕྲིན་སྐྱོང་བཞིན་ཡོད་པ་དང་། རྗེས་སུ་ཁེ་ན་ཌར་ཆིབས་བསྒྱུར་བསྐྱངས་ནས་ཟླ་གཅིག་རིང་གི་མཛད་འཕྲིན་བསྐྱང་རྒྱུ་ཡིན་འདུག །
གསར་འགོད་པ་སྐལ་བཟང་དོན་གྲུབ།

Share on Facebook549Tweet about this on TwitterShare on Google+0Share on LinkedIn0Email this to someone
0 commentsViews: 530

Leave a Reply