༸གོང་ས་མཆོག་ཨ་རིའི་མཐོ་སློབ་ཏུ་ཆིབས་སྒྱུར་ལ་ངོ་རྒོལ་བྱེད་མཁན་རྒྱ་རིགས་སློབ་མ་ཚོར་སྤེལ་བའི་རྩོམ་ཡིག

སྤྱི་དམངས་སྟོབས་ཤུགས་ཚོགས་པའི་(Initiatives for China) འགན་འཛིན་སྐུ་ཞབས་ཡང་ཅིང་ལིས་(Yang Jianli) ས་གནས་གསར་ཤོག  Times Of San Diego  ཅེས་པའི་ནང་རྩོམ་ཡིག་ཅིག་སྤེལ་བོད་མིའི་སྒྲིག་འཛུགས་ཕྱི་དྲིལ་བོད་ཡིག་ཚན་པས་བོད་སྒྱུར་བྱས་པ།

རྩོམ་པ་པོས་༧གོང་ས་མཆོག་ལ་མཇལ་ཁ་ཞུ་སྐབས།

སྐུ་ཞབས་རི་ཆ་ཌི་སི་པེན་སར་ Richard Spencer ལགས་དང་ལྕམ་སྐུ་ཨན་ཀོལ་ཊར། Ann Coulter ལགས།  ༸གོང་ས་ཏཱ་ལའི་བླ་མ་མཆོག་བཅས་ཁོང་གསུམ་ལ་མཚུངས་ཆོས་གང་ཡོད་ཅེ་ན།  ཁོང་གསུམ་གར་སློབ་ཕྲུག་ཚོས་མཐོ་སློབ་ཏུ་གདན་ཞུའི་ཐོག་གཏམ་བཤད་གནང་མི་ཆོག་པའི་ངོ་རྒོལ་བྱས་ཡོད། འོན་ཀྱང་སྐུ་ཞབས་རི་ཆ་ཌི་སི་པེན་སར་ Richard Spencer ལགས་དང་ལྕམ་སྐུ་ཨན་ཀོལ་ཊར་ Ann Coulter ལགས་རྣམ་གཉིས་དང་མི་འདྲ་བར་༸གོང་ས་ཏཱ་ལའི་བླ་མ་སྐུ་ཕྲེང་ ༡༤ མཆོག་ནི་སོ་ནམ་པའི་ཁྱིམ་ཚང་ཉམ་ཆུང་ཞིག་ནང་འཁྲུངས་པ་རེད།  འོན་ཀྱང་ད་ལྟ་ཁོང་འཛམ་གླིང་ནང་མང་ཚོགས་ཁྲོད་དགའ་མོས་ཆེ་ཤོས་དང་ལམ་སྟོན་ཞུ་ས་གྲགས་ཆེ་ཤོས་ཀྱི་དབུ་ཁྲིད་ཅིག་ཆགས་ཡོད།  ཉེ་ལམ་མཐོ་སློབ་འདིའི་ནང་གཏམ་བཤད་སྤེལ་མཁན་དང་འབྲེལ་བའི་རྙོག་གླེང་གསར་ཤོས་དེ་༸གོང་ས་ཏཱ་ལའི་བླ་མ་མཆོག་མཐོ་སློབ་ཏུ་ཕྱི་ཟླ་ ༦ ཚེས་ ༡༧ ཉིན་གདན་ཞུ་ཐོག་བཀའ་སློབ་སྩལ་གནང་མཛད་རྒྱུའི་གནད་དོན་འདི་ཡིན།  གདན་ཞུ་དེར་མཐོ་སློབ་ཀྱིས་རྒྱ་རིགས་སློབ་ཕྲུག་ཚོས་ངོ་རྒོལ་ཤུགས་ཆེ་བྱེད་བཞིན་ཡོད།
ང་རང་ཡང་རྒྱ་ཧན་མི་རིགས་ཤིག་ཡིན་སྟབས་རྒྱ་རིགས་སློབ་ཕྲུག་ཚོའི་བྱེད་བབ་དེར་སེམས་མ་སྐྱིད་པའི་ཚོར་ཤུགས་ཆེན་པོ་ཡོང་བཞིན་འདུག   ཁོ་པ་ཚོས་ངོ་རྒོལ་བྱས་པ་ཙམ་ལ་ངས་མི་དགའ་བ་བྱེད་དགོས་དོན་མེད།  འོན་ཀྱང་ཁོ་པ་ཚོས་རྒྱ་ནག་གུང་ཁྲན་ཏང་གིས་༸གོང་ས་ཏཱ་ལའི་བླ་མ་མཆོག་ལ་སྐྱོན་བརྗོད་གང་ཞུ་པ་དེ་རང་བསྐྱར་ཟློས་བྱེད་བཞིན་པ་དེ་རེད།  རྒྱ་ནག་ནང་དང་མི་འདྲ་བར་འདི་ཨ་རིར་སློབ་སྦྱོང་བྱེད་སྐབས་སྨྲ་བརྗོད་རང་དབང་དང་གནས་ཚུལ་རྣམས་འཁྱོག་བཤད་མེད་པའི་ཐོག་ནས་བརྒྱུད་བསྒྲགས་བྱེད་བཞིན་ཡོད།
འོན་ཀྱང་རྒྱ་རིགས་སློབ་ཕྲུག་ཚོས་རང་ཉིད་རྒྱ་ནག་ནང་དུ་ཡོད་སྐབས་གཞུང་གི་འཁྱོག་བཤད་དང་འུར་ཤོབ་ཐོག་ནས་སློབ་གསོ་གང་སྤྲད་པ་དེ་དག་ཁོ་ནའི་རྗེས་སུ་གཡམ་རྒྱུག་བྱས་པ་མ་གཏོགས་དེ་ལས་བརྒལ་ནས་དངོས་ཡོད་གནས་ཚུལ་གང་འདྲ་ཡིན་མིན་དང་།  ༸གོང་ས་ཏཱ་ལའི་བླ་མ་མཆོག་གིས་འགྲོ་བ་མི་རིགས་སྤྱིའི་ཕན་བདེའི་སླད་རླབས་ཆེན་གྱི་མཛད་རྗེས་གང་འཇོག་གནང་མཛད་པའི་སྐོར་ལ་རང་འགུལ་ཐོག་ནས་དཔྱད་པ་བྱེད་ཀྱི་ཡོད་པའི་རྣམ་འགྱུར་རྩ་བ་ནས་མིན་འདུག

རྒྱ་རིགས་སློབ་ཕྲུག་ངོ་རྒོལ་བ་ཚོས། ང་ཚོས་༸གོང་ས་ཏཱ་ལའི་བླ་མ་མཆོག་ལ་ངོ་རྒོལ་བྱེད་དགོས་པའི་རྒྱུ་མཚན་གཙོ་བོ་ནི་ཁོང་རྒྱལ་ཁབ་ཁ་བྲལ་བ་རེད། བོད་དེ་རྒྱ་ནག་དང་ཁ་བྲལ་ཐབས་བྱེད་བཞིན་ཡོད། ཅེས་བརྗོད་པ་མ་ཟད།   བོད་ཀྱི་འདས་པའི་ལོ་རྒྱུས་ཁྲོད་ཞིང་བྲན་ལམ་ལུགས་ཀྱི་བྱེད་གཏེ་ཡིན་སྟབས་ཐེངས་འདིར་ཁོང་མཐོ་སློབ་ཏུ་གདན་འདྲེན་ཞུ་རྒྱུ་འདི་ནི།  མཐོ་སློབ་ཀྱི་འགྲོ་བ་མི་རིགས་སྤྱིའི་བདེ་ཐབས་སླད་ཞབས་ཞུ་སྒྲུབ་རྒྱུའི་དམིགས་ཡུལ་དང་མཐུན་ཐབས་མེད་པ་མ་ཟད། ཁོང་མཐོ་སློབ་ཏུ་གདན་འདྲེན་ཞུས་པ་དེས་འདིར་སློབ་སྦྱོང་བྱེད་བཞིན་པའི་རྒྱ་རིགས་སློབ་ཕྲུག་དང་ནང་མི་བཅས་ཀྱི་ཆེས་མཐོང་ལ་བརྩི་མེད་བཏང་བ་ཞིག་ཡིན། ཞེས་བཤད།
དང་ཐོག་དེར་རྒྱ་ནག་གཞུང་དང་འདི་གའི་མཐོ་སློབ་ཀྱི་རྒྱ་རིགས་སློབ་ཕྲུག་ཚོས་༸གོང་ས་ཏཱ་ལའི་བླ་མ་མཆོག་ནི་ཁ་བྲལ་བ་ཞིག་ཡིན་སྐོར་བརྗོད་པ་དེ་བདེན་པ་རྩ་བ་ནས་མ་རེད།  ང་རང་སྒེར་གྱི་ཐོག་ནས་ཁོང་དང་མི་ལོ་ ༢༠ ཙམ་རིང་མཐུན་བཤིབ་བྱེད་པའི་རྒྱུས་མངའ་ཡོད།  དུས་ཡུན་དེའི་རིང་སྤྱི་སྒེར་གཉིས་ཐོག་ནས་མཇལ་མྱོང་ཡོད།  དེར་བརྟེན་ཁོང་གིས་འགྲོ་བ་མི་རིགས་སྤྱི་ལ་འཛིན་བཞིན་པའི་བྱམས་བརྩེ་གཞི་རྩར་གྱུར་བའི་ཐུགས་རླབས་ཆེན་གྱི་དགོངས་བཞེད་དེ་ངས་གསལ་རྟོགས་ཐུབ་བྱུང་།  ཁོང་ནི་དུས་རྟག་ཏུ་འཚེ་བ་དང་ཁ་བྲལ་ལ་གདོང་ལེན་མཛད་ཅིང་། རྒྱ་ནག་གཞུང་གིས་བོད་མིའི་ཐོག་གདུག་རྩུབ་ཇི་ཙམ་བྱས་ཀྱང་པེ་ཅིང་སྲིད་གཞུང་དང་ལྷན་གྲོས་མོལ་བརྒྱུད་ཞི་འགྲིག་ཡོང་ཐབས་མཛད་མཁན་ཞིན་ཡིན། ༸གོང་ས་ཏཱ་ལའི་བླ་མ་མཆོག་གིས་དུས་ཡུན་རིང་པོའི་གོང་ནས་བོད་རང་བཙན་མ་རྩོད་པར་དབུ་མའི་ལམ་གྱི་སྲིད་བྱུས་ཐོག་ནས་ད་ལྟའི་རྒྱ་ནག་གི་ཆབ་སྲིད་ལམ་ལུགས་འོག་བོད་ལ་དོན་དམ་གྱི་རང་སྐྱོང་གནས་བབ་ཐོབ་ཐབས་མཛད་བཞིན་ཡོད།
གཉིས་ནས་རྒྱལ་སྤྱིའི་མཁས་པ་མང་ཆེ་བས་བོད་ནང་རྒྱ་ནག་གཞུང་གིས་བཙན་འཛུལ་མ་བྱས་གོང་བྲན་གཡོག་ལམ་ལུགས་དར་ཚུལ་བཤད་པ་དེར་མོས་མཐུན་གནང་གྱི་མེད།  སྤྱིར་བོད་ཀྱི་རྒྱལ་རབས་ལོ་རྒྱུས་དེ་མགོ་རྙོག་ཅན་ཞིག་ཡིན་པ་དང་བོད་མིའི་སྤྱི་ཚོགས་ཀྱི་གནས་སྟངས་ལ་ཞན་ཆ་མང་དག་ཅིག་ཡོད་པ་གོར་མ་ཆག  འོན་ཀྱང་བོད་ནང་དེ་སྔ་བྲན་གཡོག་ལམ་ལུགས་དང་། ཞིང་བྲན་ལམ་ལུགས་དར་ཚུལ་བཤད་པ་དེས་གཞན་མགོ་སྐོར་སླུ་ཁྲིད་བྱེད་བཞིན་ཡོད་པ་མཁས་པ་མང་པོས་ཡིད་ཆེས་གནང་བཞིན་ཡོད། རྒྱ་ནག་གཞུང་གིས་བོད་ནང་བཙན་འཛུལ་མ་བྱས་གོང་བོད་མིའི་སྤྱི་ཚོགས་ཀྱི་གནས་སྟངས་ཆེད་རྗེས་ལུས་ཐེབས་པའི་ཞིང་བྲན་ལམ་ལུགས་དང་། ཆེད་ཀླ་ཀློ། ཆེད་གདུག་རྩུབ་དང་མུན་ནག་ཅན་ཡིན་སྐོར་བཤད་ནས་བོད་ནང་རྒྱ་མིས་ཁྲིམས་འགལ་དབང་སྒྱུར་བྱས་པ་དེ་དག་ལ་རྒྱབ་སྐྱོར་ཐོབ་ཐབས་བྱེད་བཞིན་ཡོད།
༸གོང་ས་ཏཱ་ལའི་བླ་མ་མཆོག་ཁྱིམ་ཚང་ཉམ་ཆུང་ཞིག་ནས་ཡིན་སྟབས་བོད་མིའི་སྤྱི་ཚོགས་ནང་བཅོས་སྒྱུར་གཏོང་དགོས་པའི་གནས་སྟངས་མང་པོ་གཟིགས་པར་བརྟེན་ཕྱི་ལོ་ ༡༩༥༠ ལོར་གསེར་ཁྲི་མངའ་གསོལ་མཛད་རྗེས་ལེགས་བཅོས་ཡོང་ཐབས་མཛད་ཡོད། འོན་ཀྱང་ཕྱི་ལོ་ ༡༩༥༩ ལོར་རྒྱ་ནག་གུང་ཁྲན་ཏང་གིས་བོད་ས་བཙན་འཛུལ་བྱས་རྐྱེན་༸གོང་ས་ཏཱ་ལའི་བླ་མ་མཆོག་རྒྱ་གར་དུ་བཙན་བྱོལ་དུ་༸ཞབས་སོར་འཁོད་པ་དང་བོད་ནང་ལེགས་བཅོས་ཀྱི་ལས་གཞི་མཚམས་ཆད་པ་རེད།  འོན་ཀྱང་རྒྱ་གར་དུ་༸གོང་ས་ཏཱ་ལའི་བླ་མ་མཆོག་གིས་མུ་མཐུད་ནས་ལེགས་བཅོས་ཡོང་ཐབས་མཛད་རྐྱེན་རིམ་བཞིན་བཙན་བྱོལ་བོད་མིའི་སྤྱི་ཚོགས་ཁྲོད་མང་གཙོའི་རིང་ལུགས་སྲོལ་གཏོད་མཛད་པ་སོགས་བྱུང་ཡོད།  ལྷག་པར་ཕྱི་ལོ་ ༢༠༡༡ ལོ་ནས་བཟུང་༸གོང་ས་ཏཱ་ལའི་བླ་མ་མཆོག་གིས་བཙན་བྱོལ་བོད་མི་རྣམས་ཡང་དག་པའི་མང་གཙོའི་ལམ་བཟང་ཐོག་ཁྲིད་ཐབས་མཛད་ཆེད་བོད་མིའི་ཆབ་སྲིད་ཀྱི་སྐུ་དབང་ཡོངས་རྫོགས་མི་མང་ལ་བརྩི་སྤྲོད་མཛད་ཡོད།
གསུམ་པ་དེར་༸གོང་ས་ཏཱ་ལའི་བླ་མ་མཆོག་ནི་ཞེ་བདེ་དང་རང་དབང་ཆེད་ཞལ་གསང་པོའི་ཐོག་ནས་རྒྱབ་སྐྱོར་མཛད་མཁན་ཞིག་ལ་ངོས་འཛིན་ཐོག་ནས་འཛམ་གླིང་ཁྱོན་དུ་བསྔགས་བརྗོད་རྒྱ་ཆེ་ཞུ་བཞིན་ཡོད།  དེར་བརྟེན་ཕྱི་ལོ་ ༡༩༨༩ ལོར་ནོ་བེལ་ཚོགས་ཆུང་ནས་༸གོང་ས་ཏཱ་ལའི་བླ་མ་མཆོག་གིས་འགྲོ་བ་མི་རིགས་སྤྱིའི་བདེ་ཐབས་སླད་རླབས་ཆེན་གྱི་མཛད་རྗེས་འཇོག་གནང་མཛད་པ་དེར་ངོས་འཛིན་ཞུ་ཆེད་ནོ་བེལ་ཞི་བདེའི་གཟེངས་རྟགས་འབུལ་ལམ་ཞུས་ཡོད།  དུས་སྐབས་དེ་ནས་བཟུང་༸གོང་ས་ཏཱ་ལའི་བླ་མ་མཆོག་གིས་ངལ་བ་ཁྱད་གསད་ཐོག་ནས་འཛམ་གླིང་ནང་ཞི་བདེ་བསྐྲུན་ཐབས་སླད་ཐུགས་བརྩོན་ཧ་ཅང་མཛད་དང་མཛད་མུས་ཡིན།  རྒྱུ་མཚན་དེ་དག་ལ་བརྟེན་ནས་ཐེངས་འདིར་མཐོ་སློབ་ཀྱི་དམིགས་ཡུལ་ལྟར་འགྲོ་བ་མི་རིགས་སྤྱིའི་བདེ་ཐབས་གོང་སྤེལ་གཏོང་ཐབས་སླད་༸གོང་ས་ཏཱ་ལའི་བླ་མ་མཆོག་མཐོ་སློབ་ཏུ་གདན་ཞུ་གནང་བ་འདི་ནི་དངོས་ཡོད་གནས་ཚུལ་དང་ཧ་ཅང་འོས་ཤིང་འཚམས་པ་ཞིག་ཆགས་ཡོད།
མཐའ་དོན།  ཨ་རིའི་མཐོ་སློབ་ཁག་ནི་བསམ་ཚུལ་འདྲ་མིན་གོ་བསྡུར་སྦྱངས་བཤད་བྱེད་སའི་གླེང་སྟེགས་ཤིག་ཡིན་པ་དང་། དགེ་ལས་སློབ་ཕྲུག་རྣམས་ལ་གཏམ་བཤད་གནང་མཁན་འདྲ་མིན་གྱི་བསམ་ཚུལ་ཉན་རྒྱུའི་གོ་སྐབས་བསྐྲུན་བཞིན་ཡོད། ཨ་རིའི་མཐོ་སློབ་དང་སློབ་གྲྭ་བཅས་ཀྱི་ནང་ད་ལྟ་དང་དེ་སྔའི་རྒྱ་ནག་འགོ་ཁྲིད་མང་པོ་ཞིག་མགྲོན་འབོད་བྱས་ནས་གཏམ་བཤད་སྤེལ་རྒྱུའི་གོ་སྐབས་ཕུལ་ཟིན།  ༸གོང་ས་ཏཱ་ལའི་བླ་མ་མཆོག་གིས་རྒྱ་ནག་དང་རྒྱ་མི་རིགས་ལ་དུས་ནམ་ཡང་དམའ་འབེབས་ཞུས་མྱོང་མེད་སྟབས་ཐེངས་འདིར་ཁོང་མཐོ་སློབ་ཏུ་གདན་ཞུ་གནང་བ་དེས་མཐོ་སློབ་ཀྱི་སློབ་མ་རྣམས་ལ་དམའ་འབེབས་སུ་འགྲོ་དགོས་དོན་རྩ་བ་ནས་མེད།
མཐོ་སློབ་འདིའི་སློབ་མ་རྣམས་ལ་ངོ་རྒོལ་བྱེད་རྒྱུའི་ཐོབ་ཐང་ངེས་པར་དུ་ཡོད་དགོས།   མ་ཟད་སྤྱིར་སྟངས་བྱས་ན་སློབ་ཕྲུག་དེ་དག་གིས་རྩ་ཁྲིམས་ནང་གསལ་ལྟར་རང་གི་གཞི་རིམ་སྨྲ་བརྗོད་དང་འདུ་འཛོམས་རང་དབང་ལོངས་སུ་སྤྱོད་བཞིན་པ་མཐོང་སྐབས་ང་རང་དགའ་ཚོར་སྐྱེ་བཞིན་འདུག  གང་ཡིན་བརྗོད་ན་ཐོབ་ཐང་དེ་དག་རྒྱ་ནག་ནང་དུ་ལོངས་སུ་སྤྱོད་ཐབས་བྲལ།   འོན་ཀྱང་ཡི་མ་རངས་པའི་རྒྱུ་རྐྱེན་ནི་ངོ་རྒོལ་བྱེད་སྐབས་རང་གི་བསམ་བློའི་རང་དབང་ལོངས་སུ་སྤྱད་ནས་ངོ་རྒོལ་མ་བྱས་པར་རྒྱ་ནག་གུང་ཁྲན་ཏང་གི་འཁྱོག་བཤད་དང་འུད་ཤོབ་བསྐྱར་ཟློས་བྱེད་བཞིན་པ་དེ་ཡིན།  དེར་བརྟེན་ངས་མཐོ་སློབ་འདིར་ཡོད་པའི་རྒྱ་རིགས་གཞོན་སྐྱེས་རྣམས་ལ་རང་གི་རང་དབང་དང་གུ་ཡངས་ཀྱི་ཐོབ་ཐང་ལོངས་སུ་སྤྱོད་རྒྱུའི་གོ་སྐབས་ཕྲན་བུ་རྒྱ་ཆེ་རུ་བཏང་ནས་རྒྱ་ནག་གཞུང་གིས་འཁྱོག་བཤད་དེ་དག་ལ་མཁྲེགས་བཟུང་བྱས་མ་བྱེད་ནས་མ་བཞུགས་པར་བསམ་ཚུལ་གསར་པ་དང་རྣམ་དཔྱོད་གསར་པ་ཁག་ལ་བློ་སྒོ་ཡངས་པོར་ཕྱེ་ནས་རྟོག་ཞིབ་གནང་རོགས།
ཐེངས་འདིར་༸གོང་ས་ཏཱ་ལའི་བླ་མ་མཆོག་གིས་བཀའ་སློབ་གསན་རྒྱུའི་གོ་སྐབས་དམ་འཛིན་ཐོག་ཁོང་གི་བཀའ་སློབ་གང་གསུང་པ་དེ་དག་ལ་རང་ཉིད་ཀྱིས་རང་དབང་ཐོག་ནས་དཔྱད་ཞིབ་གནང་རོགས།   སྤྱིར་སྟངས་བྱས་ན་༸གོང་ས་ཏཱ་ལའི་བླ་མ་མཆོག་ལ་མཐོ་སློབ་འདིའི་སློབ་ཕྲུག་ཚོས་རིག་གཞུང་དང་ཆབ་སྲིད་ཀྱི་རྒྱབ་ལྗོངས་གནས་སྟངས་ཇི་ཡིན་མ་ལྟོས་པར་ཚང་མས་ཕེབས་བསུ་ཞུ་དགོས་པ་ལྟ་བུ་ཞིག་རེད། ཁོང་གིས་བློ་འགུལ་འཐེབ་དགོས་པའི་བཀའ་སློབ་སྩལ་གནང་མཛད་རྒྱུ་མ་ཟད།  ང་ཚོར་ཞི་བདེ་དང་བདེ་སྐྱིད། འཆམ་མཐུན་གྱི་སྤྱི་ཚོགས་ཤིག་བསྐྲུན་རྒྱུའི་ལས་འགན་གསར་པ་ཞིག་སྦྱིན་ངེས་ཡིན།   ལྷག་པར་བོད་རྒྱ་མི་རིགས་གཉིས་ཀྱིས་གཙོས་ང་ཚོ་ཚང་མ་ཕན་ཚུན་གཅིག་ལ་གཅིག་བརྟེན་ནས་འཚོ་གནས་བྱེད་དགོས་པའི་དངོས་ཡོད་གནས་སྟངས་དྲན་གསོ་གཏོང་ངེས་ཡིན།།

 

Search

|གླ་ཡོད་གསལ་བསྒྲགས། |

|| ཟུར་ཟའི་རི་མོ། ||