ཀེ་ཌ་ལོ་ནི་ཡའི་སྲིད་འཛིན་གྱིས་རང་བཙན་བསྒྲགས་གཏམ་ལ་མིང་རྟགས་བཀོད་ནས་གྲོས་མོལ་དགོས་སྐོར་བརྗོད་འདུག

ཡུ་རོབ་སེ་པེན་གྱི་ཀེ་ཌ་ལོ་ནི་ཡའི་མངའ་ཁུལ་གྱི་འགོ་ཁྲིད་ཚོས། མི་མང་གི་མངོན་འདོད་དེ་རང་བཙན་ཡིན་པར་བརྗོད་ནས། རང་བཙན་བསྒྲགས་གཏམ་གྱི་ཡིག་ཆ་ལ་མིང་རྟགས་བཀོད་འདུག་ཀྱང་། ད་ལྟའི་ཆར་སེ་པན་གཞུང་དང་གྲོས་མོལ་ཡོང་ཆེད། བསྒྲགས་གཏམ་དེ་ལག་བསྟར་བྱ་རྒྱུའི་ཐད་གནས་སྐབས་རིང་བཀག་ཡོད་འདུག

ཟླ་༡༠ པའི་ཚེས་༡༡ ཉིན་རྒྱལ་སྤྱིའི་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་གསལ། ཟླ་༡༠ པའི་ཚེས་༡༠ ཉིན་ཀེ་ཌ་ལོ་ནི་ཡ་མངའ་ཁུལ་གྱི་གྲོས་ཚོགས་ནང་། ཁུལ་དེའི་སྲིད་འཛིན་ཀལ་སེ་པིའུ་ཌེ་མོན་གྱིས། ཟླ་༡༠ པའི་ཚེས་༡ ཉིན་གྱི་མང་མོས་འོས་བསྡུ་ཐག་གཅོད་ཀྱི་གྲུབ་དོན་ལ་གཞིགས་ནས། ཁུལ་དེ་རང་བཙན་རྒྱལ་ཁབ་ཆགས་པའི་དབང་ཚད་ཐོབ་ཡོད་སྐོར་བརྗོད་འདུག

ཁོང་དང་འགོ་ཁྲིད་ཁག་ཅིག་གིས་གྲོས་ཚོགས་རྭ་བའི་ཕྱི་ལོགས་སུ་རང་བཙན་བསྒྲགས་གཏམ་ལ་མིང་རྟགས་བཀོད་ཡོད་འདུག་ཀྱང་། སེ་པན་གཞུང་དང་གྲོས་མོལ་ཡོང་ཆེད་དུ། གྲོས་ཚོགས་ནས་གཞུང་འབྲེལ་ཐོག་ནས་བསྒྲགས་གཏམ་སྤེལ་ནས་ལག་བསྟར་བྱ་རྒྱུ་དེ་གནས་སྐབས་རིང་མཚམས་འཇོག་ཡོང་བའི་རེ་སྐུལ་བྱས་ཡོད་འདུག  བསྒྲགས་གཏམ་དེའི་ནང་རྒྱལ་སྤྱིའི་རྒྱལ་ཁབ་དང་ཚོགས་སྡེ་ཚང་མས་ཀེ་ཌ་ལོ་ནི་ཡ་དེ་རང་བཙན་རྒྱལ་ཁབ་ཅིག་ཡིན་པར་ངོས་འཛིན་བྱེད་དགོས་པའི་དགོས་འདུན་འདོན་གྱི་ཡོད་སྐོར་འཁོད་ཡོད་འདུག

སེ་པན་གྱི་སྲིད་བློན་གཞོན་པ་སོ་ར་ཡ་སེན་ཛེ་ཌེ་སན་ཊ་མི་རི་ཡ་ཡིས། ཀེ་ཌ་ལོ་ནི་ཡའི་སྲིད་འཛིན་གྱི་གཏམ་བཤད་དེ། གནས་སྟངས་གང་དུ་ཡོད་མེད་དང་གང་དུ་མདུན་བསྐྱོད་བྱེད་དགོས་མེད་མི་ཤེས་མཁན་དང་། སུ་ཁོ་དང་མཉམ་དུ་འགྲོ་འདོད་ཡོད་མེད་མི་ཤེས་མཁན་ཞིག་གི་གཏམ་བཤད་ཡིན་སྐོར་དང་། གྲོས་མོལ་ཡོང་བར་ཁྲིམས་དང་མཐུན་དགོས་སྐོར་བརྗོད་ཡོད་འདུག དེ་ཡང་སེ་པན་གཞུང་དང་ཁྲིམས་ཁང་གིས་ཀེ་ཌ་ལོ་ནི་ཡ་ཁུལ་གྱི་མང་མོས་ཐག་གཅོད་འོས་བསྡུ་དེ་ནི་རྩ་ཁྲིམས་དང་འགལ་བ་ཡིན་སྐོར་དེ་སྔོན་ནས་བསྒྲགས་ཡོད་པ་རེད། ཡུ་རོབ་མཐུན་ཚོགས་ཀྱི་ཚོགས་གཙོས། ཀེ་ཌ་ལོ་ནི་ཡ་དེ་སེ་པན་ནས་ཁ་བྲལ་དུ་སོང་ན། ཁུལ་དེ་ཡུ་རོབ་ཀྱི་ཆ་ཤས་སུ་ལྷག་རྒྱུ་མིན་སྐོར་བརྗོད་ཡོད་འདུག

དེ་ཡང་ཟླ་༡༠ པའི་ཚེས་༡ ཉིན་ཀེ་ཌ་ལོ་ནི་ཡའི་ཁུལ་དུ་རང་བཙན་དགོས་མིན་ཐད་མང་མོས་ཐག་གཅོད་འོས་བསྡུ་བྱས་ཡོད་པ་དང་། སྐབས་དེར་སེ་པན་གྱི་ཉེན་རྟོག་པ་སླེབས་ནས་འོས་ཤོག་འཕེན་པར་ཡོང་མཁན་མང་པོ་ཞིག་བཀག་སྡོམ་བྱས་སྐབས། གདོང་ཐུག་བྱུང་ནས་རྙོག་གྲྭ་ཆེན་པོ་ལྷག་ཡོད་པ་རེད། འོས་བསྡུར་མཉམ་ཞུགས་བྱེད་མཁན་མི་མང་བརྒྱ་ཆ་༤༣ སླེབས་ཡོད་པ་དང་། དེ་ལས་བརྒྱ་ཆ་༩༠ ལ་ཉེ་བའི་མི་མང་གིས་རང་བཙན་ལ་རྒྱབ་སྐྱོར་བྱས་ཡོད་འདུག

ཟླ་༩ པའི་ཚེས་༦ ཉིན་ཀེ་ཌ་ལ་ན་ཡའི་གྲོས་ཚོགས་ནང་རང་བཙན་ལངས་ཕྱོགས་འཛིན་མཁན་གྱི་སྲིད་དོན་ཚོགས་པ་ཁག་མཉམ་སྒྲིལ་ཐོག ཟླ་༡༠ པའི་ཚེས་༡ ཉིན་རང་བཙན་གྱི་མང་མོས་འོས་བསྡུ་བྱ་རྒྱུའི་ཁྲིམས་འཆར་ལ་མང་མོས་རྒྱབ་སྐྱོར་ཡོང་ཐུབ་ཡོད་ཀྱང་། སི་པན་གཞུང་གིས་ཐག་གཅོད་དེ་ནི་རྩ་ཁྲིམས་དང་མང་གཙོ་ལ་བརྩི་བཀུར་མ་བྱས་པ་ཡིན་པའི་སྐྱོན་བརྗོད་བྱས་ནས། ཁྲིམས་དང་ཆབ་སྲིད་ཀྱི་དབང་ཆ་ཡོང་རྫོགས་བེད་སྤྱད་ནས་མང་མོས་འོས་བསྡུ་དེ་བཀག་འགོག་བྱ་རྒྱུ་ཡིན་སྐོར་བརྗོད་འདུག དེ་བཞིན་ལོ་ལྟར་ཟླ་༩ པའི་ཚེས་༡༡ ཉིན་ ཕྱི་ལོ་༡༧༡༤ ལོར་རྒྱལ་ས་བྷར་སི་ལོ་ནར་ཁེ་ཌ་ལོ་ནི་ཡའི་དམག་མི་རྣམས། སི་པན་གྱི་དམག་མི་དང་དམག་ཤོར་ནས་བྷར་སི་ལོ་ན་ཤོར་བའི་དུས་དྲན་གྱི་ཉིན་མོ་ཞིག་ཡིན་པ་དང་། ལོ་ལྟར་ཉིན་དེར་རང་བཙན་མངོན་འདོད་ཡོད་མཁན་ཚོས་ལས་འགུལ་གཞི་རྒྱ་ཆེན་པོ་སྤེལ་གྱི་ཡོད་ཀྱང་། ཐེངས་འདིར་རང་བཙན་གྱི་མང་མོས་འོས་བསྡུ་སླེབས་ལ་ཉེ་བ་དང་བསྟུན། མི་མང་མཉམ་ཞུགས་ཀྱི་གྲངས་འབོར་དང་སེམས་ཚོར་ཡང་ཆེན་པོ་བྱུང་འདུག
ཁེ་ཌ་ལོ་ནི་ཡའི་རང་བཙན་ཐང་མང་མོས་འོས་བསྡུ་ཐག་གཅོད་བྱུང་རྗེས། ཁུལ་དེའི་རྒྱལ་ས་བྷར་སི་ལོ་ན་དང་སེ་པན་གྱི་ས་ཁུལ་གཞན་དུ། སེ་པན་ནང་ཆིག་སྒྲིལ་དགོས་པའི་ལས་འགུལ་རྒྱ་ཆེ་སྤེལ་མཁན་མང་པོ་བྱུང་ཡོད་པ་རེད་འདུག །
གསར་འགོད་པ་སྐལ་བཟང་དོན་གྲུབ།

Print Friendly, PDF & Email
Share on Facebook0Tweet about this on TwitterShare on Google+0Share on LinkedIn0Email this to someone
0 commentsViews: 202

Leave a Reply