ཀོ་རི་ཡ་ལྷོ་བྱང་གཉིས་ཀྱི་འབྲེལ་ལམ་ལ་ཡར་རྒྱས་ཀྱི་རྣམ་པ་ཐོན་འདུག

བྱང་ཀོ་རི་ཡའི་སྐུ་ཚབ་ཚོགས་པ་ཞིག རིང་མིན་ལྷོ་ཀོ་རི་ཡར་འཚོག་གྲབས་ཡོད་པའི་དགུན་ཁའི་ཨོ་རྩལ་འགྲན་ཚོགས་ལ་མཉམ་ཞུགས་བྱ་རྒྱུའི་མོས་མཐུན་བྱུང་ཡོད་འདུག་པ་དང་། དེ་ནི་ལོ་གཉིས་ལྷག་རིང་ཕྱོགས་གཉིས་བར་གྱི་འབྲེལ་ལམ་ལ་ཡར་རྒྱས་ཀྱི་རྣམ་པ་ཐོན་པ་ཐེངས་དང་པོ་ཡིན་འདུག

ཟླ་༡ པོའི་ཚེས་༩ ཉིན་རྒྱལ་སྤྱིའི་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་གསལ། དེ་སྔོན་ཕྱི་ལོ་༢༠༡༨ ལོའི་ལོ་གསར་པའི་གཏམ་བཤད་ནང་བྱང་ཀོ་རི་ཡའི་འགོ་ཁྲིད་ཀེམ་ཇོང་ཨན་གྱིས། བྱང་ཀོ་རི་ཡའི་སྐུ་ཚབ་ཚོགས་པ་ཞིག ཟླ་༢ པའི་ནང་ལྷོ་ཀོ་རི་ཡར་འཚོག་རྒྱུ་ཡིན་པའི་དགུན་ཁའི་ཨོ་རྩལ་འགྲན་ཚོགས་ལ་གཏོང་རྒྱུའི་ཐད་བསམ་བློ་གཏོང་བཞིན་ཡོད་སྐོར་བརྗོད་ཡོད་པ་དང་། དེ་རྗེས་ལྷོ་ཀོ་རི་ཡའི་སྲིད་འཛིན་མཱོན་ཇི་ཨན་གྱིས་ཕྱོགས་གཉིས་བར་གནད་དོན་དེའི་ཐད་གྲོས་མོལ་ཡོང་བའི་གྲོས་འགོ་བཏོན་པ་ལྟར། ཕྱོགས་གཉིས་ཀྱི་སྐུ་ཚབ་རྣམ་པའི་བར་ལོ་གཉིས་ནང་ཐེངས་དང་པོར་ས་མཚམས་ཀྱི་གྲོང་གསེབ་ཅིག་ཏུ་གྲོས་མོལ་བྱས་ཡོད་འདུག

གྲོས་མོལ་བརྒྱུད་ཟླ་༢ པའི་དགུན་ཁའི་ཨོ་རྩལ་འགྲན་ཚོགས་སྐབས་བྱང་ཀོ་རི་ཡ་ནས་རྩེད་མོ་བ་དང་རྒྱབ་སྐྱོར་བ། གསར་འགོད་པ། བྱང་ཀོ་རི་ཡའི་ཨོ་རྩལ་ལྷན་ཚོགས་ཀྱི་ལས་བྱེད་སོགས་ཚུད་པའི་སྐུ་ཚབ་ཚོགས་པ་ཞིག་གཏོང་རྒྱུར་མོས་མཐུན་བྱུང་ཡོད་པ་རེད་འདུག

དེ་བཞིན་ལྷོ་ཀོ་རི་ཡའི་སྐུ་ཚབ་ཀྱིས་དགུན་ཁའི་ཨོ་རྩལ་འགྲན་ཚོགས་སྐབས། ཕྱོགས་གཉིས་བར་དེ་སྔོན་དམག་འཁྲུག་སྐབས་ནང་མི་སྤུན་མཆེད་ཁ་བྲལ་སོང་བ་རྣམས་ཐུག་འཕྲད་བྱེད་འཇུག་རྒྱུ་དང་། དེ་བཞིན་ཁུལ་དེའི་ཞི་བདེ་དང་དམག་དོན་ཐད་གྲོས་མོལ་བྱ་རྒྱུའི་ཐད་བསམ་འཆར་བཏོན་ཡོད་པ་རེད་འདུག

དེ་ཡང་ཕྱི་ལོ་༢༠༡༥ ལོར་བྱང་ཀོ་རི་ཡས་རྡུལ་མཚོན་དང་མེ་ཤུགས་འཕུར་མདའ་ཚོད་ལྟ་བྱས་རྐྱེན། ལྷོ་ཀོ་རི་ཡས་ཕྱོགས་གཉིས་བར་དཔལ་འབྱོར་གྱི་ལས་འཆར་ཞིག་ཕྱིར་འཐེན་བྱས་ཏེ། ད་བར་འབྲེལ་ལམ་ཛ་དྲག་ངང་གནས་ཡོད་པ་རེད་འདུག །

གསར་འགོད་པ་སྐལ་བཟང་དོན་གྲུབ།

Print Friendly, PDF & Email
Share on Facebook37Tweet about this on TwitterShare on Google+0Share on LinkedIn0Email this to someone
0 commentsViews: 357

Leave a Reply