ཁ་ཆེ་ཆོས་ལུགས་ནང་གི་ཤི་ཡ་སྡེ་ཚན་གྱི་ལྷ་ཁང་ལ་དྲག་རྒོལ།

ཨབ་གྷ་ནི་སི་ཐན་ནང་ཁ་ཆེ་ཆོས་ལུགས་ནང་གི་ཤི་ཡ་སྡེ་ཚན་གྱི་ལྷ་ཁང་ཞིག་ལ། དྲག་སྤྱོད་པ་གཉིས་ཀྱིས་དྲག་རྒོལ་བྱས་རྗེས་མི་བཅུ་ཕྲག་ཁ་ཤས་ཀྱི་ཚེ་སྲོག་ཤོར་ཡོད་འདུག་པ་དང་། མི་༦༠ ལས་མང་བར་རྨས་སྐྱོན་ཚབས་ཆེན་ཕོག་ཡོད་འདུག

ཟླ་༨ པའི་ཚེས་༢ ཉིན་རྒྱལ་སྤྱིའི་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་གསལ། ཟླ་༨ པའི་ཚེས་༡ ཉིན་གྱི་དགོང་དྲོའི་ཆུ་ཚོད་༨ པ་ཡས་མས་ཙམ་ལ། ཨབ་གྷ་ནི་སི་ཐན་གྱི་ནུབ་ཁུལ་མངའ་སྡེ་ཧི་ར་ཌེ་ནང་། ཁ་ཆེ་ཆོས་ལུགས་ཨི་སི་ལམ་ནང་ཤི་ཡ་སྡེ་ཚན་གྱི་ལྷ་ཁང་ཞིག་ནང་། མི་༣༠༠ ལྷག་གིས་དགོང་དྲོའི་ཆོ་ག་བྱེད་བཞིན་པའི་སྐབས། དྲག་སྤྱོད་པ་གཉིས་ཀྱིས་དྲག་རྒོལ་བྱས་ནས། མི་བཅུ་ཕྲག་ཁ་ཤས་བསད་ཡོད་ཁར། མི་གྲངས་༦༠ ལས་མང་བའི་གནས་སྟངས་ཛ་དྲག་ཆགས་ཡོད་འདུག

དྲག་སྤྱོད་པ་གཉིས་ལས་གཅིག་གིས་ཐོག་མར་མི་མང་ལ་མེ་མདའ་བརྒྱབ་པ་དང་། རྗེས་སུ་མེ་མདའ་རྒྱག་སྐབས་རང་ཉིད་ཀྱི་བྲང་ལ་བཏགས་ཡོད་པའི་འབར་རྫས་གཏོར་ནས་རང་ཤི་བརྒྱབ་ཡོད་འདུག འབྲེལ་ཡོད་ལས་བྱེད་ཀྱིས་བརྗོད་དོན་ལྟར་ན། ད་ལྟའི་ཆར་དྲག་སྤྱོད་པ་གཉིས་ཀ་ཤི་ཚར་ཡོད་འདུག

མངའ་སྡེ་དེའི་སྤྱི་ཁྱབ་ཀྱི་མགྲིན་ཚབ་པས། མི་ཤི་བའི་ཁ་གྲངས་ནི་༥༠ ཡིན་སྐོར་བརྗོད་ཡོད་པ་དང་། འབྲེལ་ཡོད་ལས་བྱེད་ཚོས་མི་༦༠ ལས་མང་བའི་གནས་སྟངས་ཛ་དྲག་ཡིན་པས། ཚེ་སྲོག་ཤོར་བའི་ཁ་གྲངས་མང་དུ་འགྲོ་ཉེན་ཡོད་སྐོར་བརྗོད་འདུག
ཁ་ཆེ་ཆོས་ལུགས་ཀྱི་ཤི་ཡ་སྡེ་ཚན་གྱི་མི་མང་རྣམས་ཨབ་གྷ་ནི་སི་ཐན་ནང་གྲངས་ཉུང་མི་རིགས་ཡིན་པ་དང་། ཁ་ཆེ་ཆོས་ལུགས་ཀྱི་སུ་ནི་སྡེ་ཚན་དྲག་སྤྱོད་པས་ཁོང་ཚོར་སྡིགས་ར་དང་དྲག་རྒོལ་བྱེད་ཀྱི་ཡོད་འདུག

དྲག་རྒོལ་གྱི་གནས་ཚུལ་དེ་བྱུང་རྗེས། ས་ཁུལ་དེར་གནས་སྡོད་བྱེད་མཁན་ཕལ་ཆེ་བ་ཤི་ཡ་སྡེ་ཚན་གྱི་ཁ་ཆེ་བ་ཡིན་པས། ཁོང་ཚོ་ས་གནས་ཀྱི་ཉེན་རྟོག་པས་མྱུར་སྐྱོབ་ཀྱི་ཡ་ལན་འཕྱི་དྲག་པར་ཁོང་ཁྲོ་ལངས་ནས། ཉེན་རྟོག་ཁང་དུ་རྡོ་ཞུས་ནས་མེར་སྲེག་ཡོད་པ་རེད་འདུག

ཨབ་གྷན་གཞུང་གིས་དྲག་རྒོལ་དེར་སྐྱོན་བརྗོད་བྱས་ཏེ། དེ་ནི་ཁ་ཆེ་ཆོས་ལུགས་དང་མཐུན་གྱི་མེད་སྐོར་དང་། སྲིད་འཛིན་ཨ་ཤ་ར་ཧྥེ་གྷ་ནཱི་ཡིས། དྲག་སྤྱོད་པས་ཨབ་གྷན་མི་མང་ནང་ཆོས་ལུགས་ཀྱི་ཕྱོགས་ཁག་དབྱེ་འབྱེད་བྱེད་ཐུབ་ཀྱི་མ་རེད་ཅེས་བརྗོད་ཡོད་འདུག །

གསར་འགོད་པ་སྐལ་བཟང་དོན་གྲུབ།

Print Friendly, PDF & Email
Share on Facebook0Tweet about this on TwitterShare on Google+0Share on LinkedIn0Email this to someone
0 commentsViews: 264

Leave a Reply