ཁ་ཆེ་འཇིགས་སྐུལ་རིང་ལུགས་པས་ཡུ་རོབ་སི་པན་ལ་དྲག་རྒོལ་བྱས་འདུག

ལོ་ཤས་རིང་ནས་ཁ་ཆེ་འཇིག་སྐུལ་རིང་ལུགས་པ་ཨེ་སི་སི་ཚོགས་པས། ཡུ་རོབ་རྒྱལ་ཁབ་ཀྱི་གྲོང་ཁྱེར་ཁག་ཅིག་ལ་དྲག་རྒོལ་བྱས་ཏེ་མི་མང་པོའི་ཚེ་སྲོག་ཕྲོགས་ཡོད་པ་དང་། ཐེངས་འདིར་ཡུ་རོབ་སི་པན་གྱི་གྲོང་ཁྱེར་སྦར་སི་ལོ་ནར་དྲག་རྒོལ་མི་འདྲ་བ་ཁག་ཅིག་སྤེལ་ནས། མི་༡༣ བསད་ཡོད་པ་དང་༡༠༠ ལྷག་ལ་རྨས་སྐྱོན་བཟོས་ཡོད་འདུག

ཟླ་༨ པའི་ཚེས་༡༨ ཉིན་རྒྱལ་སྤྱིའི་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་གསལ། སི་པན་གྱི་གྲོང་ཁྱེར་སྦར་སི་ལོ་ནར་ཡུལ་སྐོར་སྤྲོ་འཆམ་པ་མང་པོ་འཛོམས་པའི་ས་གནས་ལཱ་རེམ་བྷ་ལ་སི་རུ། ཟླ་༨ པའི་ཚེས་༡༧ ཉིན་གྱི་ཕྱི་དྲོ་ཆུ་ཚོད་༥ པ་ཙམ་ལ་མི་མང་པོ་ཞིག་དལ་ལྷོད་ངང་དུས་ཚོད་བསྐྱལ་བཞིན་སྐབས། དྲག་སྤྱོད་པ་ཞིག་གིས་དོ་སྐྱེལ་རླངས་འཁོར་ཞིག་མི་མང་ཁྲོད་དུ་རྡུང་ཐུག་བྱས་ནས་མི་༡༣ བསད་འདུག་པ་དང་། མི་གྲངས་༨༠ ལ་རྨས་སྐྱོན་བཟོས་རྗེས། དྲག་སྤྱོད་པ་དེ་རྐང་ཐང་ཐོག་བྲོས་ཐར་ཡོད་འདུག  དྲག་རྒོལ་དེའི་ཁྲོད་གནོད་འཚེ་འཕོག་ཡུལ་ནང་རྒྱལ་ཁབ་གཞན་༢༤ ཡི་མི་སེར་ཡོད་པ་རེད་འདུག

དྲག་རྒོལ་དེ་བྱུང་རྗེས་ཀྱི་ཕྱི་ཉིན་ཏེ་ཟླ་༨ པའི་ཚེས་༡༨ ཉིན་གྱི་ཞོགས་པ་སྔ་བོར། དྲག་རྒོལ་གྱི་ས་གནས་དེ་ནས་ལྷོ་ཕྱོགས་སུ་རྒྱང་ཐག་ཀི་ལོ་མི་ཊར་༡༡༥ ལྷག་གི་སར་ཡོད་པའི་མཚོ་ཁའི་གྲོང་སྡེ་ཁམ་བྷེར་སི་རུ། དྲག་སྤྱོད་པས་རླངས་འཁོར་ཞིག་མི་མང་ཁྲོད་དུ་རྡུང་ཐུག་དྲག་རྒོལ་བྱས་སྐབས། ཉེན་རྟོག་པས་མེ་མདའ་བརྒྱབ་ནས་དྲག་སྤྱོད་པ་༤ དེ་མ་ཐག་བསད་འདུག་པ་དང་། དྲག་སྤྱོད་པ་༡ རྨས་སྐྱོན་འཕོག་ནས་རྗེས་སུ་ཤི་ཡོད་པ་རེད་འདུག དེ་ལས་མི་མང་༦ དང་ཉེན་རྟོག་པ་༡ ལ་རྨས་སྐྱོན་བཟོས་ཡོད་པ་རེད་འདུག དེ་བཞིན་དྲག་སྤྱོད་པ་དེ་དག་གི་སྐེད་པར་འབར་རྫས་གྱོན་ཡོད་པའི་གནས་ཚུལ་ཡང་འདུག

 

འཇིགས་སྐུལ་རིང་ལུགས་པར་འཐབ་རྒོལ་གྱི་ཆེད་ལས་པ་ཞིག་གིས་བརྗོད་དོན་ལྟར་ན། ཟླ་༨ པའི་ཚེས་༡༦ ཉིན་སི་པན་གྱི་གྲོང་ཁྱེར་སྦར་སི་ལོ་ན་ཡི་ལྷོ་ནུབ་ཏུ་རྒྱང་ཐག་ཀི་ལི་མི་ཊར་༢༠༠ ཡི་སར་ཡོད་པའི་ས་གནས་ཨལ་ཁ་ནར་རུ། ཁང་པ་ཞིག་ནང་འབར་གས་བྱུང་ནས་མི་ཞིག་ཤི་ཡོད་འདུག་པ་དང་། ད་ལྟའི་ཆར་ཚོད་དཔག་བྱས་པར་གཞིགས་ན། མི་དེས་འབར་རྫས་བཟོ་བཞིན་སྐབས་རང་ཉིད་ཀྱི་ཚེ་སྲོག་ཤོར་བ་འདྲ་བོ་ཡོད་སྐོར་དང་། དེ་བཞིན་གོང་གི་དྲག་རྒོལ་མི་འདྲ་བ་གཉིས་དང་འབར་གས་ཀྱི་གནས་ཚུལ་དེ་གསུམ་འབྲེལ་བ་ཡོད་པ་ཡིད་ཆེས་བྱེད་ཀྱི་ཡོད་སྐོར་བརྗོད་འདུག

ད་ལྟའི་ཆར་སྦར་སི་ལོ་ནར་དོ་སྐྱེལ་རླངས་འཁོར་བེད་སྤྱད་པའི་དྲག་རྒོལ་དང་འབྲེལ་ནས། དོ་སྐྱེལ་རླངས་འཁོར་དེ་གཡར་སྐབས་ངོས་འཛིན་ལག་ཁྱེར་སྤྲད་ཡོད་འདུག་པ་དང་། ངོས་འཛིན་ལག་ཁྱེར་ཐོག་གི་མི་དེ་འཛིན་བཟུང་བྱས་ཡོད་པ་དང་། དེ་བཞིན་མི་གཞན་ཞིག་ཀྱང་འཛིན་བཟུང་བྱས་ཡོད་ཀྱང་། རླངས་འཁོར་གྱི་ཁ་ལོ་བ་མི་དེ་གཉིས་མིན་པ་རེད་འདུག

ཁ་ཆེ་འཇིགས་སྐུལ་རིང་ལུགས་པའི་དྲིལ་བསྒྲགས་བརྒྱུད་ལམ་གྱིས། དྲག་རྒོལ་དེར་འགན་ལེན་བྱས་ཏེ། དྲག་རྒོལ་བ་དེ་དག་ཁོ་ཚོའི་དམག་མི་ཡིན་སྐོར་དང་། དྲག་རྒོལ་དེ་ནི་སི་པན་གྱིས་ཨ་རིའི་མཐུན་ཕྱོགས་རྒྱལ་ཁབ་ཁག་དང་མཉམ་སྒྲིལ་ཐོག་ཨི་སི་སིར་དྲག་རྒོལ་བྱས་པའི་ཡ་ལན་ཡིན་པའི་ཁྱབ་བསྒྲགས་བྱས་ཡོད་པ་རེད་འདུག

སི་པན་རྒྱལ་ཁབ་ཀྱི་སྲིད་བློན་མ་རི་ཨ་ནོ་ར་ཇུ་ཡིས། རྒྱལ་ཁབ་ཀྱིས་ཉིན་གསུམ་རིང་མྱ་ངན་བྱ་རྒྱུ་ཡིན་པ་དང་། དྲག་རྒོལ་དེ་ནི་འཇིགས་སྐུལ་རིང་ལུགས་པའི་ཀླ་ཀློའི་བྱ་སྤྱོད་ཅིག་ཡིན་སྐོར་བརྗོད་འདུག དེ་བཞིན་རྒྱལ་སྤྱིའི་རྒྱལ་ཁབ་མང་དག་ཅིག་གིས་སི་པན་ལ་གདུང་སེམས་མཉམ་སྐྱེད་ཀྱི་སྐད་ཆ་བཤད་ཡོད་པ་རེད་འདུག

ལོ་ཤས་རིང་ཁ་ཆེ་འཇིགས་སྐུལ་རིང་ལུགས་པས་ཡུ་རོབ་ནང་དུ། རླངས་འཁོར་བཏང་ནས་མི་མང་ཁྲོད་དུ་རྡུང་ཐུག་གི་དྲག་སྤྱོད་སྤེལ་བཞིན་ཡོད་པ་དང་། ད་བར་ཡུ་རོབ་ཀྱི་རྒྱལ་ཁབ་ཧྤ་རན་སི་དང་འཇར་མན། བྷེལ་ཇེམ། དབྱིན་ཡུལ། སི་པན་སོགས་ལ་དྲག་རྒོལ་དེ་རིགས་སྤེལ་ཡོད་འདུག རླངས་འཁོར་བེད་སྤྱད་ནས་མི་མང་ལ་དྲག་རྒོལ་བྱེད་པའི་ཐབས་བྱུས་དེ་འཇིགས་སྐུལ་རིང་ལུགས་པས་གསར་གཏོད་བྱས་ཡོད་ཀྱང་། མི་རིགས་དཀར་པོ་མཆོག་ལྟ་འཛིན་མཁན་གྱི་དྲག་སྤྱོད་པ་ཁག་ཅིག་གིས། ཐབས་བྱུས་དེར་འཇུག་ནས་མི་མང་ལ་དྲག་རྒོལ་བྱས་པའི་གནས་ཚུལ་ཡང་བྱུང་ཡོད་པ་རེད། དེ་ཡང་དེ་སྔོན་དབྱིན་ཡུལ་དུ་ཁ་ཆེ་བ་རྣམས་ལྷ་ཁང་ནས་ཕྱིར་ཐོན་བཞིན་སྐབས། མི་རིགས་དཀར་པོ་ཞིག་གིས་རླངས་འཁོར་བཏང་ནས་ཁ་ཆེ་བ་རྣམས་ཀྱི་ཁྲོད་དུ་རྡུང་ཐུག་བྱས་ནས་མི་༡ གི་ཚེ་སྲོག་ཤོར་ཡོད་པ་དང་མི་༡༠ ལ་རྨས་སྐྱོན་བཟོས་ཡོད་པ་རེད། དེ་མཚུངས་ཉེ་ཆར་ཨ་རིའི་ནང་མི་རིགས་དཀར་པོ་མཆོག་ལྟ་འཛིན་མཁན་གྱི་ངོ་རྒོལ་ལས་འགུལ་ལ་ཁ་གཏད་དུ་ངོ་རྒོལ་བྱེད་མཁན་ཁྲོད། མི་རིགས་དཀར་པོ་གཞོན་སྐྱེས་ཤིག་གིས་རླངས་འཁོར་བཏང་ནས་རྡུང་ཐུག་དྲག་རྒོལ་བྱས་ཏེ། བུད་མེད་ཅིག་གི་ཚེ་སྲོག་འཕྲོག་ཡོད་པ་མ་ཟད། མི་གྲངས་༡༩ ལས་མང་བར་རྨས་སྐྱོན་བཟོས་ཡོད་པ་རེད།།

གསར་འགོད་པ་སྐལ་བཟང་དོན་གྲུབ།

 

Print Friendly, PDF & Email
Share on Facebook0Tweet about this on TwitterShare on Google+0Share on LinkedIn0Email this to someone
0 commentsViews: 214

Leave a Reply