ཁེ་ན་ཊ་རུ་རྒྱ་ནག་གི་རྒྱལ་དར་སྒྲེང་འཛུགས་ལ་སྐྱོན་བརྗོད།

རྒྱ་ནག་གི་རྒྱལ་དར་ཚོགས་ཁང་གི་མདུན་དུ་སྒྲེང་འཛུགས་ཀྱིས་དུས་དྲན་སྲུང་བརྩི་བྱེད་པ་ནི་སུས་ཀྱང་ངོས་ལེན་བྱེད་མི་ཐུབ་པ་ཞིག་རེད་ཅེས་ཁེ་ན་ཊའི་རིན་ཐང་གཅེས་སྲུང་ཚོགས་པ་ནས་གནས་ཚུལ་སྤེལ་འདུག

14593759_247473038092_249068153_nཟླ་འདིའི་ཕྱི་ཚེས་༣ ཉིན་རྒྱལ་སྤྱིའི་གསར་ལམ་ཁག་ཏུ་གནས་ཚུལ་སྤེལ་གསལ་ལ་གཞིགས་ན། རྒྱ་ནག་གི་རྒྱལ་སྟོན་དུས་ཆེན་གྱི་སྔ་ཉིན་སྟེ། ཟླ་སྔོན་མའི་ཚེས་༣༠ རེས་གཟའ་པ་སངས་ཉིན་གྱི་སྔ་དྲོ་ཆུ་ཚོད་༡༡ ཐོག ཁེ་ན་ཊ་དང་མཐུན་ཕྱོགས་སུ་གྱུར་པའི་རྒྱ་ནག་གི་ཚོགས་པ་ཞིག་གི་གོ་སྒྲིག་འོག ཁེ་ན་ཊའི་གྲོང་ཁྱེར་ཝེན་ཀོ་ཝེར་(Vancouver) གྱི་ཚོགས་ཁང་ཞིག་ཏུ། རྒྱ་ནག་རྒྱལ་ཁབ་ཀྱི་ཉིན་མོ་ཐེངས་༦༧ པའི་དུས་དྲན་སྲུང་བརྩིའི་མཛད་སྒོ་ཞིག་འཚོགས་ཡོད་པ་དང་། སྐབས་དེར་གྲོང་ཁྱེར་གྱི་ཚོགས་ཁང་མདུན་དུ་རྒྱ་ནག་གི་རྒྱལ་དར་སྒྲེང་འཛུགས་བྱས་ཡོད་པས། དེར་ཁེ་ན་ཊའི་མི་མང་དང་། རྒྱ་རིགས་མང་གཙོ་དོན་གཉེར་བ་བཅས་ཀྱིས་སྐྱོན་བརྗོད་ཤུགས་ཆེན་བྱས་དང་བྱེད་བཞིན་ཡོད་འདུག

གནམ་སྡེ་སྒོ་མོ་ཐང་ཆེན་དུ་དྲུག་བཞིའི་ངོ་རྒོལ་སྐབས་མཉམ་ཞུགས་བྱེད་མཁན་སློབ་མ་རོ་སེ་ཐང་(Rose Tang) གིས་རྒྱ་ནག་གི་རྒྱལ་དར་གྱིས་མོ་རང་གི་གྲོགས་རྣམས་གསོད་པ་དང་། དེ་བཞིན་མོ་རང་གི་ནང་མི་༡༣ ལྟོགས་ཤི་ཐེབས་འཇུག་པ། ནང་མི་༢ དམར་གསོད་བྱས་ཏེ་ཁྱོན་ནང་མི་༡༥ ཤི་ལམ་དུ་བརྫངས་ཡོད་པའི་གནས་ཚུལ་སོགས་མཚོན་གྱི་ཡོད་རེད་ཅེས་བརྗོད་ཡོད་པ་དང་། གཞན་རྒྱ་རིགས་མང་པོ་ཞིག་གིས་སྐྱོན་བརྗོད་ཤུགས་ཆེན་བྱས་དང་བྱེད་བཞིན་ཡོད་འདུག

དེ་བཞིན་ཁེ་ན་ཊའི་རིན་ཐང་གཅེས་སྲུང་ཚོགས་པས་ཝེན་ཀོ་ཝེར་གྲོང་ཁྱེར་ལྷན་ཚོགས་ཀྱི་འཐུས་མི་ཀེ་རིས་ཅང་གིས། སྐེ་ལ་སྐེ་དཀྲིས་དམར་པོ་བཏག་ནས་མཛད་སྒོ་འཚོགས་པ་དང་། གྲོང་ཁྱེར་གྱི་ཚོགས་ཁང་མདུན་དུ་རྒྱ་ནག་གི་རྒྱལ་དར་སྒྲེང་འཛུགས་བྱས་པ་བཅས་ནི། སུས་ཀྱང་ངོས་ལེན་བྱེད་མི་ཐུབ་པ་ཞིག་ཡིན་པ་དང་། དེ་བཞིན་ཀེ་རིས་ཅང་གིས་ནོར་འཁྲུལ་ལ་དགོངས་སེལ་དང་། ཁོ་རང་ལས་གནས་ནས་རྩ་དགོངས་ཞུ་དགོས་པ། རྒྱ་ནག་གི་རྒྱལ་དར་སྒྲེང་འཛུགས་བྱས་པ་ག་འདྲ་བྱུང་ཡོད་མེད་འགྲེལ་བཤད་རྒྱག་དགོས་པ་སོགས་འཁོད་པའི་དྲ་ཐོག་སྙན་ཞུ་ཞིག་བྲིས་ཡོད་འདུག

མ་གཞི་ཁེ་ན་ཊ་རུ་རྒྱལ་ཁབ་ག་རེ་ཡིན་ཡང་། རྒྱལ་ཁབ་དེའི་ཉིན་མོ་སྲུང་བརྩི་ཞུ་རྒྱུ་དང་། རྒྱལ་དར་སྒྲེང་འཛུགས་བྱེད་འཇུག་གི་ཡོད་པ་ནི་ཁེ་ན་ཊའི་གཞུང་འབྲེལ་གྱི་ཕྱི་འབྲེལ་སྲིད་ཇུས་ཤིག་ཡིན་འདུག་ན་ཡང་། རྒྱ་ནག་གི་རྒྱལ་དར་སྒྲེང་འཛུགས་དང་དམར་ཤོག་གི་དུས་དྲན་སྲུང་བརྩི་བྱེད་པར་མང་ཚོགས་ཀྱིས་ངོ་རྒོལ་བྱས་པ་ཞིག་ཆགས་ཡོད་འདུག །
གསར་འགོད་པ་བཀྲ་ཤིས་དོན་གྲུབ།

Share on Facebook0Tweet about this on TwitterShare on Google+0Share on LinkedIn0Email this to someone
0 commentsViews: 25

Leave a Reply