ཁེ་ན་ཌའི་སྐུ་ཚབ་བོད་ནང་འགྲོ་རྒྱུར་དཀའ་ངལ་འཕྲད་བཞིན་པ།

ཁེ་ན་ཌའི་ཕྱི་སྲིད་བློན་ཆེན་གྱིས་རྒྱ་ནག་གཞུང་གིས་ཁེ་ན་ཌའི་སྐུ་ཚབ་རྣམ། བོད་དུ་འགྲོ་བར་འགོག་ཐབས་དང་དོ་དམ་བྱེད་ཀྱི་ཡོད་སྐོར་བརྗོད་འདུག14569636_1275126862511180_1434656262_n

དེ་ཡང་ཟླ་འདིའི་ཚེས་༥ ཉིན་གྱི་རྒྱལ་སྤྱིའི་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་གསལ། ཉེ་བའི་ཆར་ཁེ་ན་ཌའི་གྲོས་ཚོགས་འོག་མའི་ནང་གྲོས་ཚོགས་འཐུས་མི་ཞིག་གིས་ཁེ་ན་ཌའི་སྐུ་ཚབ་བོད་ལ་འགྲོ་སྐབས་དཀའ་ངལ་འཕྲད་ཀྱི་ཡོད་མེད་སྐོར་ལ་དྲི་བ་དྲིས་ནས། གྲོས་ཚོགས་ནང་གླེང་སློང་བྱུང་ཡོད་འདུག་པ་དང་། དེ་ལ་བརྟེན་ནས་ཁེ་ན་ཌའི་ཕྱི་སྲིད་བློན་ཆེན་སྐུ་ཞབས་སེ་ཀྲེ་ཧྥེ་ནེ་ཌེའུན་(Stephane Dion)གྱིས་ཡིག་ཐོག་ནས་ལན་འདེབས་བྱས་ཡོད་འདུག

ཁོང་གིས་སྤྱིར་བཏང་གཞུང་འབྲེལ་གྱི་གནས་རིམ་མཐོ་བའི་སྐུ་ཚབ་རྣམ་བོད་ལ་འགྲོ་བར། ཐད་ཀར་བཀག་འགོག་བྱེད་ཀྱི་མེད་རུང་། ཐོངས་མཆན་སོགས་ཀྱི་ཐོག་ལ་དུས་འགྱངས་བྱེད་པ་དང་། བོད་ལ་སླེབས་དུས་རྒྱ་ནག་གི་ལས་བྱེད་མཉམ་དུ་འགྲོ་བ་སོགས་ཀྱིས་སྐོར་སྐྱོད་དེ་དག་དོ་དམ་བྱེད་ཀྱི་ཡོད་སྐོར་བརྗོད་འདུག ཁོང་གིས་ཕྱི་ལོ་༢༠༡༠ ལོའི་ཟླ་༡༡ ནས་ཕྱི་ལོ་༢༠༡༥ ལོའི་ཟླ་༩ པ་བར་ཁེ་ན་ཌའི་སྐུ་ཚབ་ཐེངས་༥ བོད་ལ་ཕྱིན་ཡོད་པ་དང་། དེ་བཞིན་ཕྱི་ལོ་༢༠༠༩ ལོའི་ཟླ་༣ པ་ནས་ཕྱི་ལོ་༢༠༡༥ ལོའི་ཟླ་༡༡ བར་རྒྱ་གཞུང་གིས་རེ་སྐུལ་ལྟར་བོད་ཀྱི་སྐུ་ཚབ་ཐེངས་༨ ཁེ་ན་ཌར་སླེབས་སྐོར་གྱི་ཞིབ་ཕྲའི་གནས་ཚུལ་དང་། རྒྱ་ནག་གི་སྐུ་ཚབ་དེ་དག་ལ་ཁེ་ན་ཌས་བཀག་འགོག་དང་དོ་དམ་བྱེད་མྱོང་ཡོད་པ་གོ་ཐོས་མ་བྱུང་བ། དེ་བཞིན་ཁེ་ན་ཌས་བོད་ནང་དུ་རོགས་དངུལ་ཐོག་ལས་འཆར་ཁག་ཅིག་བྱེད་ཀྱི་ཡོད་པ་དང་། དེ་དག་ལ་ལྟ་སྐོར་བྱེད་པར་ཡང་བཀག་འགོག་བྱེད་ཀྱི་ཡོད་སྐོར་བརྗོད་ཡོད་འདུག

ཁོང་གི་སྐད་ཆ་དེ་ནི་ཉེ་བའི་ཆར་ཁེ་ན་ཌ་དང་རྒྱ་ནག་གཉིས་ཀྱི་འབྲེལ་ལམ་ཡག་ཏུ་གཏོང་ཐབས་བྱེད་བཞིན་པའི་མཚམས་ཤིག་ལ་ཐོན་ཡོད་པ་དང་། འོན་ཀྱང་ཁེ་ན་ཌའི་བོད་རིགས་ཚོགས་པའི་ཚོགས་གཙོ་བསམ་གྲུབ་ཀྱིས་ “གནད་དོན་དེ་ནི་ཕྱོགས་གཉིས་ཀྱི་སྐུ་ཚབ་བར་ལ་གུས་བརྩི་ཡོད་མེད་དང་འབྲེལ་བ་ཡོད་པས། ཁེ་ན་ཌས་རྒྱ་ནག་དང་འབྲེལ་བའི་ནང་རང་ཉིད་དམའ་བ་བརྩི་བཅུག་དོན་ག་རེ་ཡིན་ནམ་”ཞེས་དང་། རྒྱ་ནག་གིས་སྐུ་ཚབ་བཀག་འགོག་དང་དོ་དམ་གྱི་བྱེད་ལས་དེ་ནི། བོད་ནང་དུ་འགྲོ་བ་མིའི་ཐོབ་ཐང་ལ་རྡོག་རོལ་གྱི་དངོས་ཡོད་གནས་སྟངས་སྦས་ཐབས་བྱེད་པ་ཡིན་སྐོར་བརྗོད་འདུག

བོད་ནང་དུ་རྒྱལ་སྤྱིའི་རྒྱལ་ཁབ་ཁག་གི་སྐུ་ཚབ་མང་པོ་ཞིག་སྐོར་སྐྱོད་དུ་འགྲོ་ཡི་ཡོད་ཀྱང་། རྒྱ་ནག་གཞུང་གིས་སྐོར་སྐྱོད་དེ་དག་ལ་དོ་དམ་ནན་པོ་བྱས་ཏེ། བོད་ནང་གི་དངོས་ཡོད་གནས་སྟངས་སྦས་ཐབས་བྱེད་ཀྱི་ཡོད་པ་རེད།།
གསར་འགོད་པ་སྐལ་བཟང་དོན་གྲུབ།

Print Friendly, PDF & Email
Share on Facebook0Tweet about this on TwitterShare on Google+0Share on LinkedIn0Email this to someone
0 commentsViews: 18

Leave a Reply