ཁྱོ་གར་འཁྲིག་པ་སྤྱོད་མ་འཇུག་པའི་སྐྱེས་དམན་བསད་ཡོད་འདུག

རྒྱ་གར་ཧར་ཡ་ན་ནས་སྐྱེས་པ་ཞིག་གིས་རང་གི་སྐྱེས་དམན་གྱིས་ཁོ་པར་འཁྲིག་སྤྱོད་བྱེད་མ་འཇུག་སྟབས། སྐྱེས་དམན་གྱི་སྐེ་བཙིར་ནས་བསད་ཡོད་འདུག

ཟླ་འདིའི་ཕྱི་ཚེས་༡༧ ཉིན་སྦི་སྦི་སི་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། རྒྱ་གར་གྱི་མངའ་སྡེ་ཧར་ཡ་ནའི་གྲོང་གསེབ་ཇོག་ན་ཁེ་ར་ཞེས་པར། སན་ཇི་ཧྥི་ཀུ་མར་ཞེས་པའི་བཟའ་ཟླ་སྲུ་མན་གྱིས་སྐབས་ཤིག་གི་རིང་ནས་ཁོ་པར་འཁྲིག་སྤྱོད་བྱེད་བཅུག་མེད་པ་དང་། ཟླ་འདིིའི་ཕྱི་ཚེས་༡༤ ཉིན་སླར་ཡང་འཁྲིག་པ་སྤྱོད་རྒྱུར་ཁོ་མོས་མཐུན་མ་བྱས་སྟབས། སན་ཇི་ཧྥི་ཀུ་མར་ཁོང་ཁྲོ་ལངས་ནས་ཁོ་པའི་བཟའ་ཟླ་སྲུ་མན་གྱི་སྐེ་བཙིར་ནས་བསད་ཡོད་པ་དང་། ཉེན་རྟོག་པས་ཉེས་ཅན་པ་འཇུ་བཟུང་བྱས་རྗེས་ཁོ་པའི་ནག་ཉེས་ངོས་ལེན་བྱས་ཡོད་འདུག

ལོ་ན་༣༥ ཡིན་པའི་སྐྱེས་པ་སན་ཇི་ཧྥི་ཀུ་མར་གྱིས། ཁོང་གཉིས་བཟའ་ཚང་བསྒྲིགས་ནས་ལོ་ངོ་བཅུ་ཕྲག་གཅིག་ལྷག་ཕྱིན་ཡོད་པ་མ་ཟད། ཕྲུ་གུ་གཉིས་ཀྱང་ཡོད་འདུག

འདས་པའི་ལོ་ངོ་བཅུ་ཕྲག་ཅིག་ལྷག་གི་ནང་དུ་རྒྱ་གར་གྱི་སྐྱེས་དམན་རྣམས་ལ་འཕྲད་བཞིན་པའི་མནར་གཅོད་ཀྱི་དཀའ་ངལ་མང་ཤོས་ནི་སོ་སོའི་ཁྱིམ་ཚང་ནས་འབྱུང་བཞིན་ཡོད་པ་དང་། སྐར་མ་༥ ནང་ལ་ཁྱིམ་ཚང་གི་དཀའ་རྙོག་གི་ཐོག་ནས་སྐྱེས་དམན་རྣམ་ལ་མནར་གཅོད་བྱུང་བཞིན་པའི་སྙན་ཞུ་ཉེན་རྟོག་པར་འབྱོར་གྱི་ཡོད་པའི་གནས་ཚུལ་ཡོད་ཀྱང་། ལས་འགུལ་བ་ཚོས་དེ་ལས་མང་བ་འབྱུང་གི་ཡོད་སྐོར་བརྗོད་བཞིན་ཡོད་འདུག

ལྡི་ལིར་གནས་སྡོད་སྦི་སྦི་སིའི་གསར་འགོད་པ་གྷི་ཏ་པན་ཌིས་རྒྱ་གར་གྱི་ཁྱིམ་ཚང་ནང་ནས་སྐྱེས་དམན་རྣམས་ལ་མནར་གཅོད་ཤུགས་ཆེན་པོ་འབྱུང་བཞིན་པའི་རྒྱུ་མཚན་ནི། སྐྱེས་པ་དང་བསྡུར་ན་སྐྱེས་དམན་རྣམས་དམན་པ་འཛིན་པའི་ལྟ་སྟངས་ཐུག་ཡོད་སྐོར་བརྗོད་ཡོད་པ་དང་། རྒྱ་གར་གཞུང་ནས་ཕྱི་ལོ་༢༠༠༥ ལོར་ཁྱིམ་ཚང་ནས་སྐྱེས་དམན་རྣམས་ལ་མནར་གཅོད་མི་ཡོང་བའི་ཕྱིར་དུ་ཁྲིམས་གསར་པ་གཏན་འབེབས་བྱས་ཡོད་འདུག་ཀྱང་། ཁྲིམས་གསར་པའི་དོན་ཚན་གྱི་འོག་ནས་ཁ་མཆུ་གཏུག་པ་རྣམས་ཁྲིམས་འགལ་དུ་མ་བརྩིས་སྟབས། ཁྲིམས་གསར་པ་དེས་ཕན་ཐོགས་བྱུང་མེད་པའི་གནས་ཚུལ་འདུག །

གསར་འགོད་པ་བཀྲ་ཤིས་དོན་གྲུབ།

Print Friendly, PDF & Email
Share on Facebook0Tweet about this on TwitterShare on Google+0Share on LinkedIn0Email this to someone
0 commentsViews: 847

Leave a Reply