གདེང་ཚོད་མེད་པའི་རྟགས་རེད།

བོད་ཀྱི་བང་ཆེན་སྤྱིའི་འདོན་ཐེངས་ ༦༤༦   ཕྱི་ལོ་ ༢༠༡༧/༥  /༡༠

ཉེ་ཆར་རྒྱ་དམར་དྲག་པོའི་གཞུང་གིས་གཞུང་འབྲེལ་གྱི་བརྒྱུད་ལམ་ནས་གནས་ཚུལ་ཕྱིར་བསྒྲགས་བྱས་པའི་ནང་“རྒྱ་ནག་དམར་ཤོག་ཚོགས་པའི་ལས་བྱེད་ཁག་ཅིག་གིས། ཏཱ་ལའི་བླ་མ་སྐུ་ཕྲེང་བཅུ་བཞི་པའི་རུ་ཚོགས་ལ་ཞལ་འདེབས་སྤྲད་པ་དང་། གསང་བའི་ཚོགས་པ་ཁག་ཅིག་ནང་མཉམ་ཞུགས་བྱས་ཏེ། ཕྱི་ལ་གསང་བའི་གནས་ཚུལ་སྤྲད་འདུག”ཅེས་འཁོད་ཡོད་པ་རེད། གནད་དོན་དེའི་ཐོག་ལ་བསམ་བློ་བཏང་ན། དོན་དངོས་ཐོག་གནས་ཚུལ་དེ་ལྟ་བུ་ཞིག་ཡོད་མེད་གང་ལྟར་ཡང་། ད་ལན་རྒྱ་དམར་གཞུང་གིས་འཛམ་གླིང་གི་ཁྱོན་དུ་གནས་ཚུལ་དེ་ལྟ་བུ་ཞིག་ཕྱིར་བསྒྲགས་བྱས་པའི་གནས་སྟངས་འདིའི་ཐོག་ནས། དམའ་མཐའ་ས་ནས་རྒྱ་དམར་གཞུང་གི་ངོས་ནས་བོད་རིགས་དཀྱུས་མ་ཙམ་དུ་མ་ཟད། རྒྱ་དམར་གཞུང་གིས་གསོ་སྐྱོང་བྱས་ཤིང་། དམར་ཤོག་ཚོགས་པའི་ཚོགས་མི་ཡིན་པའི་བོད་མི་དག་གིས་ཀྱང་བཙན་བྱོལ་དུ་ཡོད་པའི་བོད་མིའི་སྒྲིག་འཛུགས་ལ་ཞལ་འདེབས་སྤྲད་པ་དང་། རྒྱ་ནག་དམར་ཤོག་ཚོགས་པའི་གསང་བའི་གནས་ཚུལ་སྤྲད་ཀྱི་ཡོད་པའི་དོགས་པ་ཡོད་པ་མངོན་གསལ་དུ་གྱུར་པ་རེད།

གནས་ཚུལ་འདིའི་ཐོག་ནས་རྒྱ་དམར་གཞུང་གིས་དུས་རྒྱུན་“ཏཱ་ལའི་རུ་ཚོགས་གྲོགས་མེད་ཁེར་རྐྱང་ཡིན་པ་”དང་། “བོད་ནང་དུ་གནམ་ས་བླ་འོག་བསྒྱུར་བ་ལྟ་བུ་ཡར་རྒྱས་སོང་ཡོད་པ་མ་ཟད། བོད་མི་རྣམས་རྒྱ་གཞུང་ལ་དགའ་ཞེན་གྱི་ཐོག་ནས་བདེ་སྐྱིད་ཀྱི་འཚོ་བ་རོལ་བཞིན་ཡོད་”ཅེས་སྒྲོག་བཞིན་པ་དེ་དག་དོན་དངོས་མིན་པ་ར་སྤྲོད་བྱས་པ་རེད། གོང་དུ་དྲངས་པའི་རྒྱ་གཞུང་གི་བརྗོད་ཚིག་དེ་དག་དོན་དངོས་ཡིན་ན། བོད་རིགས་མི་མང་དཀྱུས་མ་ཙམ་དུ་མ་ཟད། རྒྱ་གཞུང་གི་གསོ་སྐྱོང་བྱས་ཤིང་རྒྱ་གཞུང་གི་ཟླ་ཕོགས་ལེན་མཁན་གྱི་ལས་བྱེད་དག་གིས་ཀྱང་དོན་དུ་རྒྱ་གཞུང་ལ་ཡིད་ཆེས་བློ་གཏད་མ་བྱས་པར། ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་དབུ་ཁྲིད་པའི་བཙན་བྱོལ་བོད་པའི་སྤྱི་ཚོགས་ལ་ཡིད་ཆེས་བློ་གཏད་བྱས་ཡོད་ན། རྒྱ་དམར་དྲག་གཞུང་གི་ས་ནས་ཁེ་ཕན་ཆེན་པོ་གང་ཡང་མེད་པའི་མི་སེར་དཀྱུས་མ་དང་། རང་དབང་ཐོག་སློབ་སྦྱོང་གི་གོ་སྐབས་ཙམ་ཡང་མེད་པའི་གྲྭ་བཙུན་དག་ལ་མཚོན་ན་དེ་བས་ཀྱང་རྒྱ་གཞུང་ལ་ཡིད་ཆེས་བློ་གཏད་གཏན་ནས་མི་བྱེད་པ་ནི་གསལ་པོ་རེད།

“བུ་ཕ་ཡིས་མི་བསྟོད་དགྲ་ཡིས་བསྟོད། བུ་མོ་མ་ཡིས་མི་བསྟོད་གནས་ཀྱིས་བསྟོད་”ཟེར་བ་བཞིན། རྒྱ་གཞུང་གི་དུས་རྒྱུན་བྱེད་སྟངས་ཀྱི་ཐོག་ནས་བལྟས་ན་༧གོང་ས་མཆོག་གིས་དབུ་ཁྲིད་པའི་བོད་མིའི་སྒྲིག་འཛུགས་ལ་ནུས་པ་ཆེན་པོ་ཡོད་པ་དང་། བོད་ནང་དུ་ཤུགས་རྐྱེན་ཧ་ཅང་ཆེན་པོ་ཡོད་པ་ཞིག་ཏུ་ངོས་འཛིན་བྱེད་ཀྱི་ཡོད་པ་དུས་རྒྱུན་གྱི་བྱེད་སྟངས་ཐོག་ནས་རྟོགས་ཐུབ་པ་ཞིག་རེད། དཔེར་ན་བོད་ནང་ནས་༧གོང་ས་མཆོག་བོད་དུ་ཆིབས་བསྒྱུར་བསྐྱངས་དགོས་པ་དང་། བོད་ལ་རང་དབང་དང་རང་བཙན་དགོས་པ་སོགས་ཀྱི་ཆེད་དུ་རང་གི་ལུས་སྲོག་བློས་བཏང་ནས་རང་ལུས་མེར་སྲེག་གཏོང་མཁན་དག་ཀྱང་། ཡུལ་གྱར་སྤྱི་ཚོགས་ནས་སྐུལ་སློང་དང་འཆར་གཞི་ལྡན་པའི་ཐོག་ནས་གོ་སྒྲིག་བྱས་པ་རེད་ཅེས་འཛེམས་ཟོན་མེད་པར་ཡང་ཡང་བརྗོད་ཡོད། གནད་དོན་དེའི་ཐད་བོད་མིའི་སྒྲིག་འཛུགས་ནས་དེ་ལྟར་མ་ཡིན་པའི་ལན་འདེབས་གང་མང་བྱས་སོང་བ་དང་། ཨུ་ཚུགས་མཐར་སྐྱེལ་གྱིས་དེ་ལྟར་གཏན་ནས་མ་ཡིན་པའི་དོན་དངོས་དག་སེལ་བྱེད་ཐབས་གང་ཡོང་བྱས་ཡོད་པ་རེད།

དངོས་ཡོད་གནས་ཚུལ་གྱི་ཐོག་ནས་བཤད་ན་བོད་ནང་ནས་རང་ལུས་མེར་སྲེག་བཏང་བའི་རྒྱལ་གཅེས་དཔའ་བོ་དཔའ་མོ་དེ་དག་གིས་རྒྱལ་ཁབ་དང་མི་རིགས་ཀྱི་ཆེད་དུ་རང་སྲོག་བློས་བཏང་བ་དེ་དག བོད་མིའི་སྒྲིག་འཛུགས་དང་། བཙན་བྱོལ་དུ་ཡོད་པའི་ཚོགས་པ་ཁག་དང་བོད་མི་སྒེར་བཅས་ཀྱིས་བཀོད་སྒྲིག་བྱས་ནས་བྱུང་བ་ཞིག་ཡིན་ན། བཙན་བྱོལ་སྤྱི་ཚོགས་སྤོབས་པ་སྐྱེ་དགོས་པ་ཞིག་ལས་དེ་ལྟར་མ་ཡིན་པའི་དག་སེལ་བྱེད་དགོས་པ་ཞིག་གཏན་ནས་མིན། བོད་ནང་དུ་ཡོད་པའི་བོད་མི་དག་བོད་མིའི་སྒྲིག་འཛུགས་དང་བོད་མི་དག་གིས་འཆི་དགོས་ཞེས་ལབ་ཀྱང་འཆི་བ་ལ་ཐེ་ཚོམ་གཏན་ནས་མེད་པ་ཞིག་ཏུ་གྱུར་ཡོད་ན། སྔ་རྗེས་ཙམ་མ་གཏོགས་བོད་རྒྱ་འོག་ཏུ་གཏན་ནས་སྡོད་མི་སྲིད་པ་རེད། དོན་དམ་པར་བཙན་བྱོལ་སྤྱི་ཚོགས་ལ་དེ་ལྟ་བུའི་ནུས་པ་ཞིག་མེད་པ་དེ་ཕལ་ཆེར་གསལ་པོ་ཡིན་པ་མ་ཟད། འཛམ་བུའི་གླིང་འདིར་ང་གསོན་དགོས་ལ་ཁྱོད་འཆི་དགོས་ཞེས་བརྗོད་ན་རྒྱུ་མཚན་མེད་པར་ཉན་མཁན་ཞིག་ཧ་ཅང་དཀོན་པ་ལས་ཀྱང་དཀོན་པོར་གྱུར་ཡོད་པ་སུས་ཀྱང་ཤེས་རྟོགས་ཐུབ་པ་ཞིག་རེད།

སྤྱིར་བོད་པའི་སྲོལ་རྒྱུན་ནང་“དགྲ་བརྙས་ན་རང་ཕོངས། ཆུ་བརྙས་ན་ལྷམ་ཕོངས་”ཞེས་པ་ལྟར་དགྲ་ལ་སྣང་ཆུང་དང་བརྙས་བཅོས་བྱེད་མི་རུང་བ་འདི་ཉིད་སྲོལ་རྒྱུན་གྱི་ཐབས་བྱུས་གལ་ཆེན་ཞིག་ཡིན་མོད། རྒྱ་གཞུང་གིས་སྔ་ཕྱི་བར་གསུམ་དུ་བཙན་བྱོལ་སྤྱི་ཚོགས་ལ་བལྟ་སྟངས་དང་ངོས་འཛིན་བྱེད་སྟངས་ཀྱི་ཐོག་ནས་བཤད་ན། བོད་ནང་དུ་ནུས་ཤུགས་ཧ་ཅང་ཆེན་པོ་ཡོད་པ་ཞིག་ཏུ་ངོས་འཛིན་བྱས་ཡོད་ལ། བཙན་བྱོལ་སྤྱི་ཚོགས་ནས་བོད་ནང་གི་བོད་མི་དག་འཆི་དགོས་ཞེས་བརྗོད་ན་འཆི་ཐུབ་པ་དང་། དམར་ཤོག་ཚོགས་པའི་ཚོགས་མི་ཡིན་ཡང་བཙན་བྱོལ་དུ་ཡོད་པའི་བོད་གཞུང་ངམ་བོད་མིའི་སྒྲིག་འཛུགས་ལ་དཔལ་འབྱོར་གྱི་ཞལ་འདེབས་འབུལ་བ་མ་ཟད། ཆབ་སྲིད་ཀྱི་གལ་གནད་ཡོད་པའི་གསང་གནས་སྤྲོད་ཀྱི་ཡོད་ཚུལ་ཕྱིར་བསྒྲགས་བྱས་པ་ནི། བོད་དོན་འཐབ་རྩོད་ཀྱི་གྲུབ་འབྲས་ཐོག་ནས་མཐོ་རླབས་ཆེན་པོ་ཞིག་ཏུ་སོན་ཡོད་པར་ངོས་འཛིན་བྱེད་ཆོག་ལ། དེ་ལུགས་ཀྱིས་བཙན་བྱོལ་བོད་པའི་སྤྱི་ཚོགས་ནས་ཀྱང་སེམས་ཤུགས་ཆག་མི་རུང་བར་དགྲ་རྒོལ་གྱི་འཆར་གཞི་བང་སྒྲིག་དགོས་པ་ཧ་ཅང་གལ་ཆེ་སྙམ།།

Print Friendly, PDF & Email
Share on Facebook0Tweet about this on TwitterShare on Google+0Share on LinkedIn0Email this to someone
0 commentsViews: 202

Leave a Reply