གཞོན་སྐྱེས་ཁག་ཅིག་གིས་ཚོགས་པ་གསར་འཛུགས་ཀྱིས་སྤྱི་ཚོགས་ཞབས་ཞུ་བྱེད་བཞིན་འདུག

རྒྱ་གར་བྱང་ཕྱོགས་རྡེ་ར་རྡུན་ཁུལ་དུ་བོད་ཀྱི་གཞོན་སྐྱེས་རྣམས་ཀྱིས་མ་སྐུལ་དང་བླངས་ཐོག་ནས་སྤྱི་ཚོགས་ཞབས་ཞུའི་ལས་དོན་བྱེད་བཞིན་ཡོད་པ་དང་། ཁུལ་དེའི་རྒན་རྒོན་དང་གཞོན་སྐྱེས་ཚོས་བསྟོད་བསྔགས་དང་རྒྱབ་སྐྱོར་ཡང་ཤུགས་ཆེན་བྱེད་ཀྱི་ཡོད་པ་རེད།

དེ་ཡང་ཚོགས་པ་དེའི་ཚོགས་གཙོ་དང་འགོ་འཛུགས་བྱེད་མཁན་ཤར་དམའ་བསྟན་འཛིན་ཆོས་སྐྱབས་ཀྱིས། ལྟ་རྟོག་བྱེད་མཁན་ཡག་པོ་མེད་པའི་སློབ་མ་ཞིག་སྨན་ཁང་དུ་ལྷག་ཡོད་པར། ཁོང་དང་རོགས་པ་ཁག་ཅིག་བལྟ་རུ་འགྲོ་སྐབས། སློབ་ཕྲུག་དེས་ཁོང་ཚོ་མཐོང་དུས་མིག་ཆུ་བཏང་ནས་བཤད་པའི་སྐད་ཆ་དེས་སེམས་ཚོར་ཆེན་པོ་ཞིག་བསྐྲུན། དེ་རྗེས་སྤྱི་ཚོགས་ཞབས་ཞུའི་ཚོགས་པ་ཞིག་རོགས་པ་དང་སློབ་གྲོགས་རྙིང་པ་མཉམ་དུ་འགོ་འཛུགས་བྱས། ཐོག་མར་དཀའ་ངལ་འཕྲད་ནའང་། རྗེས་སུ་ཚོགས་པ་དེར་རྒྱབ་སྐྱོར་དང་མཐུན་རྐྱེན་སྦྱོར་མཁན་ཇེ་མང་དུ་འགྲོ་བཞིན་ཡོད་ཁར། མི་མང་པོ་ཞིག་གིས་ཐད་ཀར་སྤྱི་ཚོགས་ཞབས་ཞུའི་ལས་དོན་བྱེད་ཐུབ་ཀྱི་མེད་ཀྱང་། དཔལ་འབྱོར་སོགས་ཀྱི་མཐུན་རྐྱེན་སྦྱར་བའི་སེམས་ཤུགས་དང་གོ་སྐབས་བསྐྲུན་བཞིན་པ་རེད།

ཟླ་འདིའི་ཚེས་༡༡ ཉིན་འདི་གའི་གསར་འགོད་པས་ཚོགས་པ་དེའི་ཚོགས་གཙོ་དང་འགོ་འཛུགས་བྱེད་མཁན་རང་ལོ་༢༧ ལ་སོན་པ་ཤར་དམའ་བསྟན་འཛིན་ཆོས་སྐྱབས་ལ་བཅར་འདྲི་བྱས་པ་ཡིན།

དྲི་བ། ཁྱེད་རང་ངོ་སྤྲོད་ཅིག་བྱེད་རོགས།

ལན། ངའི་མིང་ལ་ཤར་དམའ་བསྟན་འཛིན་ཆོས་སྐྱབས་ཡིན་ལ། བདེ་སྐྱིད་གླིང་གི་ཁྱིམ་ཚང་ཕལ་པ་ཞིག་ཏུ་སྐྱེས་ནས་འཛིན་རིམ་བརྒྱད་པ་བར་གཞིས་ཆགས་ཀྱི་སམ་བྷོ་ཊའི་སློབ་གྲྭར་སོང་བ་ཡིན། དེ་རྗེས་འཛིན་རིམ་དགུ་པ་ནས་བཅུ་གཉིས་བར་མ་སུ་རི་གཏན་སློབ་ལ་སློབ་སྦྱོང་བྱས། རྡེ་ར་རྡུན་གྱི་ཌེ་ཨེ་ཝི་པི་ཇི་(DAV PG)མཐོ་སློབ་ཏུ་ཉེ་བའི་གཙུག་ལག་རབ་འབྱམས་པ་སློབ་མཐར་ཕྱིན། གཙུག་ལག་རབ་འབྱམས་པའི་ལོ་རིམ་དང་པོའི་སྐབས་ནང་ལ་དཀའ་ངལ་འཕྲད་ནས་སློབ་སྦྱོང་མུ་མཐུད་བྱེད་མ་ཐུབ་པ་དང་། སྤྱིར་བཏང་ང་རང་སློབ་གྲྭ་ཡོད་དུས་ནས་རྒན་བདག་སོགས་བྱེད་མྱོང་བ་དང་། སྤྱི་ཚོགས་ཞབས་ཞུ་བྱེད་པའི་འདུན་པ་ཆེན་པོ་ཡོད་མཁན་ཞིག་ཡིན།

དྲི་བ། བྱང་སེམས་གཞོན་སྐྱེས་ཚོགས་པ་གང་འདྲ་བྱས་ནས་འགོ་བཙུགས་པ་ཡིན་ནམ།

ལན། ཕྱི་ལོ་༢༠༡༦ ལོའི་ཟླ་༣ པའི་ཚེས་༢༣ ཉིན་སྤྱི་ཚོགས་བརྒྱུད་ལམ་ངོ་དེབ་ཐོག་ཏུ། རྡེ་ར་རྡུན་ཁུལ་གྱི་རྒྱ་གར་གྱི་སྨན་ཁང་ཞིག་ཏུ་ཨ་རུ་ན་ཅཱལ་ནས་ཡིན་པའི་མ་སུ་རིའི་གཏན་སློབ་ཀྱི་སློབ་ཕྲུག་ཅིག་ནད་པ་ཆགས་ནས་ཉལ་བསྡད་ཡོད་པ་དང་། ཁོང་གི་ཕ་དེ་དབང་པོ་སྐྱོན་ཅན་ཡིན་པས་ཨ་མས་བལྟ་སྐྱོང་བྱེད་ཀྱི་ཡོད་འདུག དེ་བཞིན་གཅེན་མོ་ཞིག་ཡོད་པ་དེ་ནི་མཐོ་སློབ་ཏུ་བསྐྱོད་བཞིན་ཡོད་པས། ཁོང་ལ་དམིགས་བསལ་ལྟ་སྐྱོང་བྱེད་མཁན་མེད་པའི་གནས་ཚུལ་གོ་བས་སེམས་པ་སྐྱིད་པོ་མ་བྱུང་། ངས་མ་སུ་རི་གཏན་སློབ་ཀྱི་དགེ་རྒན་ཟུར་པ་གཡུང་དྲུང་དང་གྲོགས་པོ་གྲོགས་མོ་ཁག་ཅིག་ལ་འབྲེལ་བ་བྱས་ནས། སློབ་ཕྲུག་དེར་རོགས་པ་བྱེད་རྒྱུ་བྱས་པ་ཡིན། དེ་རྗེས་སོ་སོས་དངུལ་བསྡུས་ནས། ཤིང་ཏོག་སོགས་ཉོས་ཏེ་ཁོང་ལ་ཐུག་ཏུ་ཕྱིན་པ་ཡིན། ཁོས་ང་ཚོ་མཐོང་མ་ཐག་སློབ་ཟུར་ཡིན་པ་ངོ་ཤེས་ཏེ་མིག་ཆུ་བཏང་སོང་། སྐབས་དེར་རྒན་ལགས་ཀྱིས་མི་ཚང་མར་ན་ཚ་འབྱུང་གི་ཡོད་པས་ངུ་དགོས་དོན་མེད་སྐོར་སེམས་གསོ་བྱེད་སྐབས། ཁོས་ང་ལ་ན་ཚ་བྱུང་ནས་ངུ་ཡི་མེད། ཁྱེད་རང་ཚོ་ང་ལ་ཐུག་སར་ཡོང་གི་རེད་བསམ་མ་སོང་། ཁྱེད་རང་ཚོ་སླེབས་དུས་ང་སེམས་པ་སྐྱིད་པོ་བྱུང་ནས་ངུ་ཡི་ཡོད་ཅེས་ལན་འདེབས་བྱས་སོང་། རྗེས་སུ་ང་ཚོ་ཕྱིར་ནང་དུ་སླེབས་ནས། དགོང་མོ་དེར་ངའི་སེམས་ལ་ང་ཚོས་གོམས་པ་གཅིག་བརྒྱབ་དུས་མི་གཞན་ལ་རོགས་པ་དེ་འདྲ་བྱེད་ཐུབ་ཀྱི་ཡོད་ན། མཉམ་རུབ་དང་ཆིག་སྒྲིལ་ཐོག་ནས་ཚོགས་པ་ཞིག་འཛུགས་ནས་བོད་མི་དཀའ་ངལ་འཕྲད་མཁན་ལ་རོགས་པ་བྱེད་ཐུབ་ན་ཡག་པོ་འདུག་བསམ་སོང་། སང་ཉིན་ཚེས་༢༤ ཉིན་དེར་གྲོགས་པོ་གྲོགས་མོ། སློབ་ཟུར་ཁག་ཅིག་སོགས་གཞོན་སྐྱེས་རྐྱང་པ་བསྐོངས་ནས། སྤྱི་ཚོགས་ཞབས་ཞུའི་ཚོགས་པ་ཞིག་འཛུགས་ཐུབ་ན་ཡག་པོ་ཡོད་སྐོར་གྲོས་འདོན་བྱས་བྱས་ཏེ་ཚོགས་པ་འདི་བཙུགས་པ་ཡིན།

དྲི་བ། ཚོགས་པ་དེ་འགོ་བཙུགས་དུས་དཀའ་ངལ་གང་འཕྲད་ཡོད་པ་དང་། ད་ལྟའི་ཆར་ཚོགས་མི་ག་ཚོད་ཡོད་དམ།

ལན། ཚོགས་པ་ཐོག་མར་འགོ་འཛུགས་དུས་ཚོགས་མི་ཁག་ཅིག་ལས་ཀའི་ཆེད་ཕྱི་ལ་འགྲོ་དགོས་པ་བྱུང་ནས། ཚོགས་མི་གསུམ་ཙམ་ལྷག་པ་དང་མཐུན་རྐྱེན་ཡང་སྐྱོ་བོ་ཡིན་པའི་དཀའ་ངལ་ཡོད་རེད། དེ་བཞིན་ང་རང་ལ་ཆ་བཞག་ན་སྤྱི་ཚོགས་ནང་ཚོགས་པ་ཞིག་འགོ་ཁྲིད་པའི་ཉམས་མྱོང་དང་། སྤྱི་ཚོགས་ནང་འགྲོ་སྟངས་འགྲོ་ལུགས་དེ་ཙམ་ཡག་པོ་ཤེས་ཀྱི་མེད་དུས་དཀའ་ངལ་ཏོག་ཙམ་འཕྲད་སོང་ཡང་། མི་རབས་རྒན་པ་མང་པོ་ཞིག་གིས་ལམ་སྟོན་བྱས་སོང་། ད་ལྟའི་ཆར་དཀའ་ངལ་དེ་ཙམ་མི་འདུག དེ་བཞིན་ང་ཚོས་ལས་ཀ་མུ་མཐུད་བྱས་པས་སྤྱི་ཚོགས་ནང་བསྟོད་བསྔགས་ཐོབ་ནས། གཞོན་སྐྱེས་མང་པོ་ཞིག་ཚོགས་མིར་འཛུལ་བ་དང་། ད་ལྟའི་ཆར་ཚོགས་མི་༤༦ དང་རྒྱུན་ལས་༧ ཡོད།

དྲི་བ། ཚོགས་མི་རྣམས་ས་གནས་གང་ནས་ཡིན་པ་དང་། དུས་རྒྱུན་ལས་ཀ་ག་རེ་བྱེད་མཁན་རེད་དམ།

ལན། ཚོགས་མི་རྣམས་རྡེ་ར་རྡུན་ཁུལ་གྱི་བདེ་སྐྱིད་གླིང་དང་། ར་ཇེ་པུར། དོན་གྲུབ་གླིང་། དྷ་རམ་ས། ལྡི་ལི་སོགས་ནས་གཞོན་སྐྱེས་རེད། མང་པོ་ཞིག་མ་སུ་རི་གཏན་སློབ་དང་མ་སུ་རི་བོད་ཁྱིམ། དེ་བཞིན་བོད་ཕྲུག་ཁྱིམ་སྡེ་དང་དབྱིན་ཇིའི་སློབ་གྲྭར་འགྲོ་མྱོང་བའི་སློབ་ཟུར་རེད། མང་པོ་ཞིག་ནམ་དུས་གསུམ་ལ་ནང་དུ་བསྡད་ནས་ཕ་མར་རོགས་པ་བྱེད་མཁན་དང་དགུན་དུས་སུ་སུད་ཚོང་རྒྱག་པར་འགྲོ་མཁན་རེད། ཁག་ཅིག་དེ་གར་ཁང་པ་གཡར་ནས་མཐོ་སློབ་ཏུ་བསྐྱོད་བཞིན་པ་ཡང་ཡོད། སྤྱིར་བཏང་ཚོགས་མི་ཕལ་ཆེ་བ་རྡེ་ར་རྡུན་ཁུལ་དུ་སྡོད་མཁན་ཡིན་པ་དང་། ཚོགས་མི་བདུན་ཙམ་ས་གནས་གཞན་ལ་སྡོད་མཁན་ཡིན་པས། ལས་འགུལ་སྤེལ་སྐབས་ས་གནས་ལ་ཡོད་མཁན་ཚོགས་མི་ཚང་མ་མཉམ་ཞུགས་བྱེད་ཀྱི་ཡོད་པ་རེད། དེ་བཞིན་ད་ལྟའི་ཆར་ལས་འགུལ་ཚང་མ་རྡེ་ར་རྡུན་ཁུལ་དུ་སྤེལ་གྱི་ཡོད་ཀྱང་། མ་འོངས་པར་ས་གནས་གཞན་ལ་སྤེལ་ཐབས་བྱ་འཆར་ཡོད། ས་གནས་གཞན་ལ་རོགས་པ་དགོས་སྐོར་གྱི་ལན་སླེབས་ཚེ་ང་ཚོ་དེ་གར་འགྲོ་ཡི་ཡིན།

དྲི་བ། ཁྱེད་རང་ཚོས་སྤྱི་ཚོགས་ཞབས་ཞུའི་ལས་ཀ་མི་འདྲ་བ་གང་དང་གང་བྱེད་བཞིན་ཡོད་པ་དང་། མ་འོངས་པར་འཆར་གཞི་ག་རེ་ཡོད་དམ།

ལན། དང་པོར་ང་ཚོས་རྡེ་ར་རྡུན་ཁུལ་དུ་ཡོད་པའི་རྒན་རྒོན་རྣམས་ལ་དམིགས་ཡོད། དེ་ཡང་ས་ཁུལ་དུ་ཡོད་པའི་རྒན་གསོ་ཁང་དུ་ཕྱིན་ནས་རྒན་རྒོན་རྣམས་ཀྱི་ཁང་པ་གཙང་བཟོ་དང་། ཁྲག་ཤེད་བརྟག་དཔྱད་དང་ལུས་ལ་ཕུར་མཉེ་གཏོང་བ། ཁོང་ཚོར་བོད་ཀྱི་གཞས་སྣ་དང་རྒྱལ་ཁབ་གཞན་གྱི་གཞན་སྣ་འཁྲབ་སྟོན་སོགས་བྱེད་ཀྱི་ཡོད། དེ་བཞིན་ས་གནས་སུ་རྒན་རྒོན་ཁེར་རྐྱང་སྡོད་མཁན་ལྔ་སྨན་ཁང་འཁྲིད་རྒྱུ་དང་། དགོན་པར་འཁྲིད་རྒྱུ་སོགས་ཀྱི་ཞབས་ཞུ་སྒྲུབ་བཞིན་ཡོད།

གཉིས་པ་ཁྱིམ་ཚང་གི་དཔལ་འབྱོར་གནས་སྟངས་ཞན་པོ་ཡིན་པའི་སློབ་ཕྲུག་ཚོ་མཐོ་སློབ་བསྐྱོད་པར་དཔལ་འབྱོར་རོགས་རམ་གང་ཡོང་བྱེད་བཞིན་ཡོད་ལ། ཁྱིམ་ཚང་དེ་ལྟ་བུའི་ཕྲུ་གུར་ན་ཚ་ཚབས་ཆེན་བྱུང་སྐབས། སྨན་རིན་སོགས་ཀྱི་རོགས་རམ་ཐེངས་གཉིས་ཙམ་བྱེད་ཐུབ་སོང་།

གསུམ་པ་དབང་པོ་སྐྱོན་ཅན་གྱི་མངོན་དགའ་སློབ་གྲྭའི་སློབ་ཕྲུག་ཚོར་ཁ་ལག་གཏོང་རྒྱུ་དང་། གཞས་སྣ་འཁྲབ་སྟོན་དང་ཞབས་ཞུ་སོགས་བྱེད་བཞིན་ཡོད།

མ་འོངས་པའི་འཆར་གཞི་ལ་ཐེངས་འདིར་འཛིན་རིམ་བཅུ་གཉིས་ཐོན་མཁན་སློབ་ཕྲུག་ཚོའི་ཁྲོད། ནང་མིའི་དཔལ་འབྱོར་གནས་སྟངས་དངོས་ཡོད་ཞན་པོ་ཡིན་པ་དང་། རང་ཉིད་མཐོ་སློབ་ཏུ་བསྐྱོད་རྒྱུའི་འདུན་པ་ཡོད་མཁན་ཚོར་མཐུན་རྐྱེན་སྦྱོར་ཆེད། བྱང་སེམས་སློབ་ཡོན་ཞེས་པ་ཞིག་གསར་བཟོ་བྱེད་འཆར་ཡོད། དེ་བཞིན་དབྱར་ཁའི་གུང་སེང་ལ། ཉིན་ཉི་ཤུའི་རིང་སློབ་ཕྲུག་བཞི་བཅུ་འདེམས་སྒྲུག་བྱས་ནས་དབྱར་ཁ་སྦྱོང་བརྡར་(summer camp) སྤྲོད་འཆར་ཡོད་པ་དང་། འདི་ལོའི་ཟླ་བཞི་པའི་མཇུག་ཏུའམ་ཟླ་ལྔ་པའི་མགོ་སྟོད་གང་རུང་ཞིག་ལ་རིག་གཞུང་འཁྲབ་སྟོན་གྱི་དགོང་ཚོགས་གོ་སྒྲིག་བྱེད་འཆར་ཡོད།

དྲི་བ། ཚོགས་པའི་ལས་འགུལ་ཆེད་དཔལ་འབྱོར་བསྡུ་རུབ་གང་འདྲ་བྱེད་ཀྱི་ཡོད་དམ།

ལན། ཚོགས་པ་ཐོག་མར་བཙུགས་དུས་ཚོགས་མི་སོ་སོས་ཞལ་འདེབས་སྤྲད་དེ་ལས་འགུལ་སྤེལ་བ་རེད། ལོ་སྔོན་མའི་ཟླ་༧ པའི་ཚེས་༨ ཉིན་ང་ཚོས་བདེ་སྐྱིད་གླིང་དུ་དཔལ་འབྱོར་བསྡུ་རུབ་ཆེད་བོད་ཀྱི་རིག་གཞུང་འཁྲབ་སྟོན་གྱི་དགོང་ཚོགས་ཞིག་གོ་སྒྲིག་བྱས་པ་ཡིན། དེ་བཞིན་ས་གནས་སུ་ཡོད་པའི་དཔལ་འབྱོར་གནས་བབ་ཡག་པོ་ཡོད་མཁན་དང་། ཕྱི་རྒྱལ་ཁག་ཏུ་ཡོད་པའི་སློབ་ཟུར། ཚོགས་པ་ཁག་གིས་ང་ཚོའི་ལས་འགུལ་གྱིས་ཁ་ཡོད་ལག་ཡོད་གཞན་ལ་ཞབས་ཞུ་སྒྲུབ་ཐུབ་ཀྱི་ཡོད་པར་མཐོང་ནས་ཞལ་འདེབས་གནང་མཁན་ཁག་ཅིག་ཡོད་པ་རེད།

དྲི་བ། ཁྱེད་རང་ཚོའི་ཚོགས་པའི་ངོ་དེབ་སྟེང་དུ་བོད་པའི་ཨ་མ་རྣམ་རྒྱལ་སྒྲོལ་མ་དང་ཁོང་གི་ནང་མིར་རོགས་པ་བྱེད་ཀྱི་ཡོད་སྐོར་འཁོད་འདུག་པས་དེའི་སྐོར་ཏོམ་ཙམ་ཞིག་ངོ་སྤྲོད་བྱེད་རོགས།

ལན། དེ་སྔོན་ལྟ་རྟོག་བྱེད་མཁན་ཡག་པོ་མེད་པའི་མ་སུ་རི་གཏན་སློབ་ཀྱི་སློབ་ཕྲུག་ཅིག་ལ་གྲོད་ཁོག་གི་སྐྲན་ནད་བཤའ་བཅོས་བྱེད་དགོས་པའི་དཀའ་ངལ་འཕྲད་ནས། ང་ཚོར་རོགས་པ་བྱེད་རོགས་ཟེར། ང་ཚོས་རོགས་པ་བྱས་ཏེ་བཤའ་བཅོས་ལེགས་གྲུབ་བྱུང་རྗེས་ཁོ་རང་སློབ་གྲྭར་བསྐྱལ་ནས། དོ་བདག་གི་ཟས་བཅུད་ལ་ཕན་ཐོགས་ཆེད་སྨན་ཟ་དགོས་པའི་ཟླ་བ་བཞིའི་རིང་འོ་མ་དང་ཤིང་ཏོག་སོགས་ཀྱི་མཐུན་རྐྱེན་སྦྱོར་ཆེད་ཕྱིན་པ་ཡིན། སྐབས་དེར་མ་སུ་རི་ཁུལ་དུ་རྒྱ་གར་གྱི་ཁང་པ་གཡར་ནས་སྡོད་མཁན་བོད་པའི་ནང་མི་དབུལ་པོ་ཞིག་ཡོད་པ་ཐོས་བས། ཁོང་ཚོར་ལྟ་རུ་ཕྱིན་པ་ཡིན། ནང་མིར་རྨོ་རྨོ་ལོ་༩༦ ཅན་ཞིག་དང་ཨ་མ་ཞིག ཁྱོ་ག་དབང་པོ་སྐྱོན་ཅན་ཞིག་འདུག ཁོང་གཉིས་ལ་ཕྲུ་གུ་གསུམ་ཡོད་པ་སློབ་གྲྭར་འགྲོ་ཡི་འདུག་ལ། གནས་སྟངས་ཤིན་ཏུ་སྐྱོ་པོ་འདུག ང་ཚོས་ཁོང་ཚོར་ཁང་པའི་གནས་སྟངས་ཡག་པོ་ཞིག་ལ་སྤོ་རོགས་བྱས་ནས། ད་བར་ཟླ་བརྒྱད་ཙམ་གྱི་ཁང་རིན་དང་། གློག་རིན། ཁ་ལག་བཟོ་ཆེད་དང་ཕྲུ་གུའི་འགྲོ་སོང་སོགས་ལ་རོགས་པ་བྱེད་བཞིན་པ་ཡིན། དེ་ཡང་ནང་མི་དེར་དཔལ་འབྱོར་གྱི་རོགས་རམ་བྱེད་མཁན་རྒྱ་གར་དང་ཕྱི་རྒྱལ་སུ་ཡོད་པའི་བོད་མི་སྒེར་དང་ཚོགས་པ་མང་པོ་བྱུང་སོང་།

ཚོགས་མི་ཁག་ཅིག

དྲི་བ། ཁྱེད་རང་ཚོས་རྒྱ་གར་གྱི་སློབ་ཕྲུག་དབུལ་པོ་ཁག་ལ་རོགས་པ་བྱས་པའི་གནས་ཚུལ་འདུག་པས་དེའི་སྐོར་ཏོམ་ཙམ་ངོ་སྤྲོད་བྱེད་རོགས།

ལན། རྡེ་ར་རྡུན་དུ་རྒྱ་གར་གྱི་གཞུང་འབྲེལ་མ་ཡིན་པའི་རོགས་ཚོགས་ཤིག་གི་འཛིན་སྐྱོང་འོག་སློབ་གྲྭ་ཞིག་ཡོད་པ་རེད། དེའི་ནང་སློབ་ཕྲུག་ཚང་མའི་ཕ་མ་རྣམས་གད་སྙིགས་སྒྲུག་མཁན་དང་། ལམ་ཟུར་དུ་ཉལ་མཁན་རེད་འདུག དེ་དག་ལ་ཁ་ལག་དང་སྡོད་གནས་སོགས་ཀྱི་མཐུན་རྐྱེན་ཡོད་ཀྱང་གནས་སྟངས་སྐྱོ་པོ་འདུག་པས། བོད་མིའི་ས་ནས་དུག་ལོག་དང་ཚོགས་རྫས་ནས་ཟས་རིགས་ལྷག་མ་སོགས་བསྡུ་རུབ་བྱས་ཏེ། གཟའ་ཉི་མ་ཞིག་ལ་སློབ་ཕྲུག་དེ་དག་ལ་སྤྲོད་དུ་ཕྱིན་པ་ཡིན།

དྲི་བ། ཁྱེད་རང་གིས་སྤྱི་ཚོགས་ཞབས་ཞུའི་ལས་ལ་ཞུགས་རིང་ཚོར་བ་ཆེན་པོ་སྐྱེས་མྱོང་བའི་གནས་ཚུལ་འཕྲད་མྱོང་ངམ།

ལན། ནམ་རྒྱུན་རྒན་རྒོན་མང་པོ་ཞིག་གིས་ང་ཚོ་སླེབས་དུས་དགའ་པོ་བྱེད་པ་དང་། ཐུགས་རྗེ་ཆེ་ཞེས་མིག་ཆུ་བཏང་བ་སོགས་ཚོར་བ་སྐྱེས་པའི་གནས་ཚུལ་མང་པོར་འཕྲད་ཀྱི་འདུག འོན་ཀྱང་དེ་སྔོན་ཚོགས་པ་མ་བཙུགས་སྐབས་ལོ་སྔོན་མའི་ཟླ་༣ པའི་ཚེས་༢༣ ཉིན་མ་སུ་རིའི་གཏན་སློབ་ཀྱི་སློབ་ཕྲུག་ཆུང་ཆུང་དེ་སྨན་ཁང་དུ་ཐུག་ཏུ་འགྲོ་སྐབས། ཁོས་རང་ཉིད་ན་ཚའི་རྐྱེན་པས་ངུ་ཡི་མེད་དེ། སེམས་གཏིང་ནས་དགའ་བོ་བྱུང་ནས་ངུ་ཡི་ཡོད་ཅེས་བཤད་པའི་སྐད་ཆ་དེས། ངའི་སེམས་ལ་ཚོར་ཤུགས་ཆེན་པོ་ཞིག་སྤྲད་སོང་།

དྲི་བ། ཁྱེད་རང་གིས་བཙན་བྱོལ་ནང་གི་གཞོན་སྐྱེས་ཚོར་འབོད་སྐུལ་གང་ཞུ་འདོད་ཡོད་དམ།

ལན། བཙན་བྱོལ་ནང་དུ་གཞིས་ཆགས་ཕལ་ཆེ་བའི་འཚོ་བའི་རྟེན་གཞི་དེ་དགུན་དུས་ཀྱི་སུད་ཚོང་ཡིན་པ་དང་། སུད་ཚོང་གི་ནམ་དུས་རྗེས་གཞིས་ཆགས་ཁག་ལ་གཞོན་སྐྱེས་མང་པོ་ཞིག་ཉི་མ་གང་འཁྱོལ་བྱས་ནས་ནམ་དུས་གསུམ་སྐྱེལ་མཁན་ཡོད་པས། ངས་འབོད་སྐུལ་ཞུ་རྒྱུ་ལ་ཁོང་རྣམས་པ་དེ་འདྲ་བྱས་ནས་མ་བསྡད་པར། བྱུང་ན་ཚོགས་པ་བཙུགས་ནས་སྤྱི་ཚོགས་ཞབས་ཞུའི་ལས་ཀ་བྱེད་རོགས་ཞུ་རྒྱུ་དང་། དེ་འདྲ་མ་བྱུང་ན་ཁྱིམ་ཚང་ཞིག་གམ་རྒན་རྒོན་ཞིག་ལ་ཞབས་ཞུ་སྒྲུབ་ཐུབ་པ་བྱས་ན་དངོས་གནས་ཁེ་ཕན་ཡོད་རེད་ཅེས་ཞུ་རྒྱུ་ཡིན།།

གསར་འགོད་པ་སྐལ་བཟང་དོན་གྲུབ།

བྱངས་སེམས་གཞོན་སྐྱེས་ཚོགས་པའི་ངོ་དེབ།

 

 

 

 

Print Friendly, PDF & Email
Share on Facebook0Tweet about this on TwitterShare on Google+0Share on LinkedIn0Email this to someone
0 commentsViews: 1470

Leave a Reply