གཞོན་སྐྱེས་ཚོས་ལས་ཀ་བྱས་ན་དང་པོ་བོད་གཞུང་ནང་བྱེད་རྒྱུ་གལ་ཆེན་པོ་རེད།

ཟླ་འདིའི་ཕྱི་ཚེས་༣༠ ཉིན་གྱི་སྔ་དྲོར་དྷ་ས་དབུས་སྣེ་ལེན་ཁང་དུ། བོད་མིའི་སྒྲིག་འཛུགས་ཀྱི་ལས་བྱེད་གསར་འདེམས་རྣམས་ལ་བོད་དབྱིན་གཉིས་གཙོ་གྱུར་ཐོག ལས་དོན་དང་འབྲེལ་བའི་ཟབ་སྦྱོང་གི་དབུ་འབྱེད་མཛད་སྒོ་འཚོགས་ཡོད་པ་རེད།

16409863_313977255671003_2096268978_oམཛད་སྒོའི་ཐོག་འདེམས་བསྐོ་ལས་ཁང་དང་འོས་བསྡུ་འགན་འཛིན་གཅིག་ལྕོགས་ཤོ་ཟུར་བསོད་ནམས་ཆོས་འཕེལ་དང་། རྡ་སྟེང་བོད་ཁྱིམ་གྱི་འགན་འཛིན་དང་འདེམས་བསྐོ་ལས་ཁང་གི་ཚོགས་མི་དངོས་གྲུབ་དབང་འདུས། སྐལ་བཟང་གཡུ་སྒྲོན། དྲུང་ཆེ་འཇིགས་མེད་ཚེ་རིང་བཅས་ཕེབས་འདུག

ད་ཐེངས་ཀྱི་ཟབ་སྦྱོང་འདི་ནི་ཟླ་འདིའི་ཕྱི་ཚེས་༣༠ ནས་ཟླ་གཉིས་མ་ཟིན་ཙམ་ལ་འཚོག་རྒྱུ་ཡིན་པ་དང་། ཚོགས་བཅར་བའི་ཁོངས་ནས་ཟླ་༦ རིང་དུ་ལས་བྱེད་ཚོད་ལྟ་ཟིན་པ་མི་༡༩ དང་། གསར་ཞུགས་༡༣ བཅས་མི་༣༢ འདུག

རྡ་སྟེང་བོད་ཁྱིམ་གྱི་འགན་འཛིན་དང་འདེམས་བསྐོ་ལས་ཁང་གི་ཚོགས་མི་དངོས་གྲུབ་དབང་འདུས་ཀྱིས་ལམ་སྟོན་དང་འབྲེལ་ནས་བརྗོད་དོན་དུ་“དེ་རིང་རྣམ་པ་ཚོ་བོད་གཞུང་གི་སྲི་ཞུའི་ལས་བྱེད་པར་འདེམས་ཐོན་བྱུང་བ་རེད། ངས་༡༩༧༣ ནས་བཟུང་བོད་གཞུང་གི་ལས་བྱེད་རྒན་གཞོན་མང་པོ་ཞིག་གི་ཞལ་ཚོར་གྱི་ཡོད། ཁོང་ཚོར་རྗེས་སུ་ཡི་རངས་ཞུ་ཡི་ཡོད། དུས་རྒྱུན་ནས་གཞོན་སྐྱེས་ཚོར་ལས་ཀ་བྱས་ན་དང་པོ་བོད་གཞུང་ནང་གྱིས། ཞབས་ཞུ་བསྒྲུབ་དགོས་ས་དེ་བོད་གཞུང་རེད། གཞུང་དེ་ངོ་མ་ག་པར་ཐུག་གི་རེད་ཟེར་ན། རྒྱལ་བ་རིན་པོ་ཆེར་ཐུག་གི་རེད། བཀའ་དྲིན་ཆེ་ཤོས་ཁོང་རེད། དེ་རིང་གི་མཛད་སྒོ་འདི་ཡང་ཁོང་ལ་བརྟེན་ནས་བྱུང་བ་ཞིག་རེད། ད་ལྟ་བར་དུ་བོད་མིའི་སྒྲིག་འཛུགས་སྲ་ཐག་ཐག་བྱུང་བ་དེ་ཡང་ཡིད་བཞིན་ནོར་བུའི་ཐུགས་རྗེ་བཀའ་དྲིན་ཉག་གཅིག་ལ་བརྟེན་ནས་བྱུང་བ་རེད། དེ་བཞིན་དུས་ཚོད་ཀྱི་འཕོ་འགྱུར་ལ་བརྟེན་ནས་གཞུང་ཞབས་པ་མང་པོ་བགྲེས་ཡོལ་ལ་ཕེབས། མང་པོ་ཞིག་གི་སྐུ་ཚེ་མ་བསྲིངས། དེ་འདྲ་བྱས་བསྐོར་བ་བརྒྱབ་ནས་ད་ལྟ་བོད་མིའི་སྒྲིག་འཛུགས་སྲ་ཐག་ཐག་བྱུང་བ་འདི། དབུ་ཁྲིད་བཟང་པོའི་ལམ་སྟོན་འོག ལས་བྱེད་རྒན་རབས་པ་རྣམས་ཀྱི་སེམས་ཤུགས་དང་ལྷག་བསམ་ལ་བརྟེན་ནས་བྱུང་བ་ཞིག་རེད། ད་ཁྱོད་རང་ཚོ་གཞུང་ཞབས་པར་གསར་འདེམས་བྱུང་དུས། དམིགས་བསལ་སེམས་ནང་ཚོར་བ་ཆེན་པོ་བྱུང་། ”ཞེས་དང་། “རྣམ་པ་ཚོར་གཞུང་ཞབས་པ་བྱ་རྒྱུའིབསམ་བློ་ཡོད་པའི་ཁར་ཕ་མ་སྤུན་མཆེད་ཚོས་ཀྱང་། ལས་ཀ་བྱས་ན་བོད་གཞུང་ནང་གྱིས་ཞེས་སྐུལ་མ་ཏན་ཏན་ཡོད་ཀྱི་རེད། དེ་ཕྱུག་པོ་ཆགས་རྒྱུའི་ལྟ་བ་མ་རེད། ཀུན་སློང་ཡང་མ་རེད། རྣམ་པ་ཚོས་ཀྱང་འཕྲལ་སེལ་ཙམ་རྐུབ་བཀྱག་ཐོག་བསྡད་རྒྱུའི་ཀུན་སློང་འཁྱེར་རྒྱུ་ཡོད་མ་རེད་ལ། དེ་འདྲ་གནང་རྒྱུ་ཡང་ཡོད་མ་རེད། དེ་འདྲ་བྱས་ན་ལམ་འགྲོ་ཡང་ཡོང་གི་མ་རེད། མི་ཚེ་ཡོངས་རྫོགས་བཞུགས་དགོས་རེད་ཟེར་ལབ་ཐུབ་ཀྱི་མ་རེད་དེ། ནམ་ཞིག་གི་བར་དུ་ལས་ཀ་བྱེད་དགོས་རེད། ལས་ཀ་བྱས་པ་དེ་ཡང་ཚེ་འདི་ཕྱི་གཉིས་ཀར་ཕན་པ་ཞིག་བྱུང་སོང་བསམ་པའི་ལས་ཀ་བྱེད་དགོས་རེད་”ཅེས་སོགས་བརྗོད་སོང་།

དེ་རྗེས་ལས་བྱེད་འདེམས་བསྐོ་ལས་ཁང་གི་ཚོགས་མི་སྐལ་བཟང་གཡུ་སྒྲོན་གྱིས་“མ་འོངས་པར་ཁྱེད་རང་ཚོ་གཞིས་ཆགས་ཁག་ནང་ཕྱག་ལས་གནང་ཀ་ཕེབས་ན། ༧གོང་ས་མཆོག་གི་བཀའ་བཞིན་ཉམས་ཐག་དང་བགྲེས་སོང་ལ་རོགས་སྐྱོར་ཡག་པོ་གནང་དགོས་རེད། ཐ་ན་འགེངས་ཤོག་བསྐང་རྒྱུའི་ལས་ཀ་ཞིག་ཡིན་ན་ཡང་། ཧུར་ཐག་འབད་ཐག་གནང་དགོས་རེད། དོན་དག་བསྒྲུབ་ཐུབ་མིན་ཅི་ཡིན་རུང་མི་ལ་ཁ་ཡ་ངོ་ལེན་ཡག་པོ་དང་། འགྲེལ་བཤད་ཡག་པོ་བསྐྱོན་ན་མི་ཕར་ཕྱོགས་དེས་ཀྱང་། ཁག་མི་འདུག་བསམ་གྱི་རེད། དེ་མ་གཏོགས་ལས་ཀ་དེ་བསྒྲུབ་ཐུབ་ཀྱི་མ་རེད།  ཕར་རྒྱུག་ཟེར་བའི་བཟོ་ལྟ་བུ་བྱུང་ན་མི་ཕར་ཕྱོགས་དེ་སེམས་ཕམ་གྱི་རེད། དེ་བཞིན་ཁྱོད་རང་ཚོ་ཤེས་རིག་ལས་ཁུངས་སོགས་གང་དུ་ལས་བགོས་བྱུང་ན་དེ་དང་འབྲེལ་བའི་༧གོང་ས་མཆོག་གི་བཀའ་སློབ་ག་རེ་འདུག་གཟིགས་ན། ཕྱག་ལས་གནང་ཕྱོགས་ཐད་ཐུགས་ཕན་ཆེན་པོ་སོས་ཀྱི་རེད་”ཅེས་སོགས་བརྗོད་སོང་།

འཇུག་ཏུ་གཞུང་ཞབས་འདེམས་བསྐོ་ལས་ཁུངས་ཀྱི་འགན་འཛིན་ཤོ་ཟུར་བསོད་ནམས་ཆོས་འཕེལ་གྱིས་ཟབ་སྦྱོང་དང་འབྲེལ་ནས་བརྗོད་དོན་དུ། “རྩ་བའི་འདེམས་བསྐོ་ལྷན་ཁང་གི་ངོས་ནས་ཟབ་སྦྱོང་སྤྲད་རྒྱུ་དེ་འགན་ཞིག་ཆགས་ཡོང་གི་ཡོད་རེད། ཡིན་ནའང་། དེའི་དཔལ་འབྱོར་གྱི་མཐུན་འགྱུར་དེ་འཛིན་སྐྱོང་བཀའ་ཤག་ནས་ཐུགས་འགན་བཞེས་དགོས་དུས། དེ་གཞིར་བཟུང་འདེམས་བསྐོ་ལྷན་ཁང་གིས། ལས་བྱེད་ནང་ལ་ཡོད་བཞིན་པ་རྣམས་ལ་ཟབ་སྦྱོང་སྤྲད་རྒྱུའི་རིགས་གཅིག་དང་། ལས་བྱེད་གསར་པར་འཛུལ་ཞུགས་གནང་མཁན་རྣམས་ལ་ཟབ་སྦྱོང་སྤྲད་རྒྱུའི་རིགས་གཅིག་སོགས། ཟབ་སྦྱོང་རིགས་མི་འདྲ་བ་ཁག་ཁ་ཤས་ཡོད་པ་རེད། བར་ལམ་ནས་བཟུང་འགྱུར་བ་ཞིག་བྱུང་ནས་གཞུང་ཞབས་སུ་འཛུལ་མཁན་ཚོར་ཡིག་རྒྱུགས་མ་བཏང་སྔོན་ནས་ཟབ་སྦྱོང་འབུལ་རྒྱུའི་སྡེ་ཚན་ཞིག་ཡོད་རེད། འཛིན་སྐྱོང་བཀའ་ཤག་གི་མཐུན་འགྱུར་འོག འདེམས་བསྐོ་ལྷན་ཁང་གི་ངོས་ནས་ཟླ་༦ དང་༤ བཅས་སུ་རིམ་པས་དེ་འདྲའི་ཟབ་སྦྱོང་འཚོགས་པ་རེད། རེད་དེ། ཟླ་བ་༦ ཙམ་ལ་དུས་ཚོད་བཏང་། འགྲོ་སོང་བཏང་བའི་མཐར་ཡིག་རྒྱུགས་གཏོང་དུས། ཟླ་༦ རིང་ཟབ་སྦྱོང་ལ་ཞུགས་མཁན་ཁག་ཅིག་གིས་ཡིག་ཚད་མ་ལོན་ནས་ས་མིག་སྟོང་པ་དེ་བསྐོངས་ཐུབ་ཀྱི་ཡོད་མ་རེད། ཟབ་སྦྱོང་དེས་ཕན་ཐོགས་ཡོད་ཨེ་རེད་ཟེར་ན། སྒེར་སོ་སོར་ཕན་ཐོགས་ཡོད་རུང་། འཛིན་སྐྱོང་གི་དགོས་མཁོ་ལ་གཞིགས་པའི་ཐུགས་ཕན་སོས་ཐུབ་ཡོད་མ་རེད། ཡང་བསྐྱར་དུ་ཟབ་སྦྱོང་ཐོབ་མཁན་ཡིག་ཚད་མ་ལོན་མཁན་ཚོར་ཟླ་༤ རིང་ཟབ་སྦྱོང་ཕུལ་ནས། མཐའ་མར་ཡིག་རྒྱུགས་སྐབས་ཟབ་སྦྱོང་ཐེངས་གཉིས་རག་པ་དེར་བརྒྱ་ཆ་འཕར་མ་ཁ་ཤས་སྤྲད་དེ། མཐར་ཡིག་ཚད་བཏང་ནས་ལས་བྱེད་ཆགས་ཐུབ་ན་དྲན་ནས་འབད་བརྩོན་ཞུས་པ་རེད་དེ། དེ་ཡང་ཏག་ཏག་ཅིག་བྱུང་གི་ཡོད་མ་རེད། དེར་བརྟེན་གཞུང་ཞབས་འདེམས་བསྐོ་ལྷན་ཁང་དེ་རང་དབང་ཅན་གྱི་སྡེ་ཚན་ཞིག་ཡིན་ཡང་། ཁྲིམས་དང་སྒྲིག་གཞི་གཞིར་བཟུང་འགྲོ་དགོས་རྐྱེན། ལས་བྱེད་ཆགས་རྒྱུའི་ཆེད་དུ་ཟབ་སྦྱོང་དེ་འབུལ་ན། འདེམས་བསྐོ་ལྷན་ཁང་གི་སྒེར་དབང་དང་ཏག་ཏག་མཐུན་གྱི་མི་འདུག་ཟེར་ནས། མ་འོངས་པར་གཞུང་ཞབས་སུ་འཛུལ་མཁན་རྣམས་ལ་ཟབ་སྦྱོང་འབུལ་རྒྱུ་མེད་པ་བཟོས་པ་རེད། འདེམས་བསྐོ་ལྷན་ཁང་ལ་སྒེར་དབང་ཡོད་བསྡད་པ་དེ། ལས་བྱེད་ཡོད་བཞིན་པ་དང་། ལས་བྱེད་ལ་གསར་དུ་འདེམས་ཐོན་བྱུང་བ་རྣམས་ལ་ཟབ་སྦྱོང་སྤྲད་རྒྱུ་དེ་སྒེར་དབང་དང་མཐུན་ཞིག་ཡིན་པ་བཞིན། འཛིན་སྐྱོང་ལ་ཡང་དེ་ལྟར་ཞུས་པ་ཡིན།” ཞེས་དང་། ཡང་ཁོང་གིས་ཟབ་སྦྱོང་གི་དགོས་དམིགས་དང་འབྲེལ་ནས་བརྗོད་དོན་དུ།”བོད་དབྱིན་གཉིས་གཙོ་བོར་བཟུང་ནས་ལས་དོན་བྱེད་ཕྱོགས་ཀྱི་སྐོར་ལ་ཟབ་སྦྱོང་སྤྲད་དགོས་པའི་རྒྱུ་མཚན་གང་རེད་ཟེར་ན། བོད་ཡིག་ལ་མཚོན་ན། འཛིན་རིམ་༡༢ ཐོན་རྗེས་མཐོ་སློབ་སྐབས། ཝར་ཎ་མཐོ་སློབ་སོགས་ལས་གཞན་མཐོ་སློབ་ཁག་ནང་བོད་ཡིག་སྦྱོང་རྒྱུའི་གོ་སྐབས་ཡག་པོ་རག་ཡོད་མ་རེད། རེད་དེ་བོད་མིའི་སྒྲིག་འཛུགས་ནང་ལས་ཀ་བྱེད་དགོས་ན་བོད་ཡིག་དེ་མེད་དུ་མི་རུང་བ་ཞིག་ཆགས་ཡོད་རེད། ང་རང་ཚོའི་ཡིག་ཆ་ཚང་མ་བོད་ཡིག་ནང་བཞག་དགོས་རེད། ཟབ་སྦྱོང་གི་དུས་ཚོད་ཐུང་ཞིག་ནང་བོད་ཡིག་དྲན་གསོ་གཏོང་ཐུབ་ཡ་དང་། ཡར་རྒྱས་བཏང་ནས་ལས་ཀའི་སྐབས་དཀའ་ངལ་མི་ཡོང་བ་བཟོ་རྒྱུ་དེ་རེད། ”ཅེས་སོགས་བརྗོད་སོང་། །

གསར་འགོད་པ་བཀྲ་ཤིས་དོན་གྲུབ།

Share on Facebook58Tweet about this on TwitterShare on Google+0Share on LinkedIn0Email this to someone
0 commentsViews: 273

Leave a Reply