གཞོན་སྐྱེས་འགོ་ཁྲིད་ལྷན་ཚོགས་ཐེངས་གཉིས་པ་དགའ་ལྡན་ཕོ་བྲང་དུ་འཚོགས་སོང་།

༧གོང་ས་མཆོག་གིས་“འདུ་འཛོམས་འདི་འདྲ་པོ་ཇེ་མང་དུ་བཏང་ནས་ང་ཚོའི་ལས་ཀ་ངེས་པར་དུ་མུ་མཐུད་ནས་འཁྲུག་ཆ་དོད་དུ་གཏོང་དགོས་ཀྱི་འདུག མི་འདི་གཉིས་ལ་(ཟམ་གདོང་རིན་པོ་ཆེ་དང་སྲིད་སྐྱོང་བློ་བཟང་སེང་གེ་)ངོས་རང་ཡིད་ཆེས་ཆ་ཚང་བ་ཡོད། དེར་བརྟེན་ཁྱེད་རང་ཚོ་སྒེར་དང་གཞུང་གི་ཕྱོགས་ནས་འགྲིག་ན། ཁོང་གཉིས་གང་རུང་ཞིག་ངོས་རང་མི་སྒེར་གྱི་ཚབ་ཏུ་མཉམ་ཞུགས་གནང་ཆོག་གི་རེད།”ཅེས་གསུངས་སོང་།

ཟླ་འདིའི་ཕྱི་ཚེས་༦ ཉིན་གྱི་སྔ་དྲོ་ཆུ་ཚོད་༩ པའི་ཐོག་དྷ་ས་མེག་གྷན་དགའ་ལྡན་ཕོ་བྲང་ནང་། ཨ་རིར་རྟེན་གཞི་བྱས་པའི་ཞི་བདེའི་བསྟི་གནས་ཁང་གི་གོ་སྒྲིག་འོག རྩོད་རྙོག་ཅན་གྱི་རྒྱལ་ཁབ་༡༢ ནས་འབྱོར་བའི་ན་གཞོན་འགོ་ཁྲིད་ཉི་ཤུ་རྩ་ལྔ་༧གོང་ས་མཆོག་གི་སྤྱན་སྔར་བཅར་ཏེ། སོ་སོའི་ཉམས་མྱོང་དང་སྦྲེལ་ནས་རྒྱལ་ཁབ་ཀྱི་རྩོད་རྙོག་དང་། སྐྱབས་བཅོལ་གྱི་དཀའ་སྡུག བུད་མེད་ནུས་སྟོབས་སོགས་འཛམ་གླིང་གི་དཀའ་ངལ་སྣ་ཚོགས་པའི་སྐོར་ལ་དྲི་བ་དྲིས་ལན་གནང་སོང་ལ། ལྷན་ཚོགས་ཐོག་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་དང་། བཀའ་བློན་ཁྲི་ཟུར་ཟམ་གདོང་རིན་པོ་ཆེ་གཉིས་ཀྱང་ཕེབས་འདུག

ད་ཐེངས་ཀྱི་གཞོན་སྐྱེས་འགོ་ཁྲིད་ལྷན་ཚོགས་ཐེངས་གཉིས་པ་འདི་ནི་དྷ་ས་དགའ་ལྡན་ཕོ་བྲང་དུ་ཉིན་གཉིས་རིང་སྔ་དྲོའི་ཆུ་ཚོད་༩ པ་ནས་ཉིན་གུང་གསོལ་ཚིགས་བར་འཚོགས་བཞིན་འདུག་ལ། ལྷན་ཚོགས་འདིའི་ནང་འབྱོར་བའི་ན་གཞོན་འགོ་ཁྲིད་རྣམས་ནི་ཨབ་གྷ་ནི་སི་ཐན་དང་། སི་རི་ཡ། འབར་མ། ཝེ་ཏི་ནམ། སིང་གྷ་ལ། སུ་ཌན། ནེ་ཇེ་རི་ཡ། ཨི་རག ཀོ་ལོམ་བྷི་ཡ། ཨ་རི། ཋི་ནི་ཤི་ཡ། ཨ་རབ་ཨེར་མེ་མཉམ་འབྲེལ་རྒྱལ་ཁབ་བཅས་ཡིན་འདུག

ཐོག་མར་༧གོང་ས་མཆོག་གིས་འཛམ་གླིང་གི་མི་ཕན་ཚུན་བར་ཁ་དོག་དང་། བཟོ་དབྱིབས་སོགས་མི་འདྲ་བ་ཡོད་ཀྱང་དེ་དག་ནི་རིམ་པ་གཉིས་པ་དེ་ཡིན་ཞིང་། གཞི་རྩའི་འགྲོ་བ་མི་ཡིན་པར་གཅིག་མཚུངས་ཡིན་སྟབས། འཛམ་གླིང་འདི་བྱམས་བརྩེ་རང་བཞིན་ཅན་ཞིག་ཡོང་དགོས་ཀྱང་། མི་རིགས་དང་། རྒྱལ་ཁབ། ཆོས་དད། ཆབ་སྲིད་སོགས་མི་འདྲ་བ་ལ་ནན་ཏན་བྱེད་པ་བརྟེན་ནས་དཀའ་ངལ་མང་དུ་ཕྱིན་ཏེ། སྡུག་བསྔལ་ང་རང་ཚོ་རང་གིས་མྱོང་དགོས་ཀྱི་ཡོད་སྐོར་དང་སྦྲགས་ན་གཞོན་འགོ་ཁྲིད་རྣམས་ལ་གསུངས་དོན་དུ། “ཁྱོད་རང་ཚོའི་ལས་ཀ་ངེས་པར་དུ་རྒྱ་ཆེ་རུ་དང་། འཁྲུག་ཆ་དོད་དུ་གཏོང་དགོས་རེད། ངོས་རང་ད་ལྟ་ལོ་༨༢ རེད། ལོ་སྔོན་མ་ནས་བཟུང་དཀའ་ལས་ཁག་པའི་ཚོར་བ་དེ་ཤིན་ཏུ་ནས་ཆེ་རུ་སོང་འདུག ཁྱོད་རང་ཚོས་གླིང་ཆེན་འདྲ་མིན་དང་རྒྱལ་ཁབ་སྣ་ཚོགས་སུ་ལས་འགུལ་མང་བ་སྤེལ་དགོས་ཀྱི་འདུག ངོས་རང་གཅིག་བྱས་ན་ལས་འགུལ་ནང་ཞུགས་ཀྱི་མ་རེད། དེར་བརྟེན་ངོས་རང་ཡིད་ཆེས་འཕེར་སའི་གྲོགས་པོ་གཉིས་འདིར་ཁྲིད་ཡོད། ཕྱི་ལོ་༢༠༠༡ ནས་བཟུང་ངོས་རང་ཆབ་སྲིད་ཀྱི་ལས་འགན་ནས་ཕྱེད་རྒན་ཡོལ་ཞུས་ནས་བཟུང་། མཁས་དབང་ཟམ་གདོང་རིན་པོ་ཆེས་ལོ་༡༠ རིང་འགན་འཁུར་གནང་བ་རེད། དེ་རྗེས་ཕྱི་ལོ་༢༠༡༡ ལོར་ཁོང་(སྲིད་སྐྱོང་བློ་བཟང་སེང་གེ་)འོས་འདེམས་བྱུང་བ་རེད། སྐབས་དེ་ནས་བཟུང་ངོས་རང་ཆབ་སྲིད་ཀྱི་འོས་འགན་ཐོག་ནས་རྒན་ཡོལ་ཆ་ཚང་བ་ཞུས་པ་རེད། ཁོང་གཉིས་ཀྱིས་ངའི་བསམ་བློ་ཤེས་ཀྱི་ཡོད་རེད། འདུ་འཛོམས་འདི་འདྲ་པོ་ཇེ་མང་དུ་བཏང་ནས་ང་ཚོའི་ལས་ཀ་ངེས་པར་དུ་མུ་མཐུད་ནས་འཁྲུག་ཆ་དོད་དུ་གཏོང་དགོས་ཀྱི་འདུག མི་འདི་གཉིས་ལ་(ཟམ་གདོང་རིན་པོ་ཆེ་དང་སྲིད་སྐྱོང་བློ་བཟང་སེང་གེ་)ངོས་རང་ཡིད་ཆེས་ཆ་ཚང་བ་ཡོད། དེར་བརྟེན་ཁྱེད་རང་ཚོ་སྒེར་དང་གཞུང་གི་ཕྱོགས་ནས་འགྲིག་ན། ཁོང་གཉིས་གང་རུང་ཞིག་ངོས་རང་མི་སྒེར་གྱི་ཚབ་ཏུ་མཉམ་ཞུགས་གནང་ཆོག་གི་རེད།”ཅེས་དང་། “འདས་པའི་ལོ་ངོ་༣༠ ལྷག་རིང་ངོས་ཀྱིས་ཚན་རིག་པ་དང་ལྷན་བགྲོ་གླེང་སོགས་བྱས་ཡོད། ངོས་ནས་ཀྱང་ནམ་རྒྱུན་ངོས་རང་ཕྱེད་ཀ་ནང་པའི་དགེ་སློང་ཞིག་དང་ཕྱེད་ཀ་ཚན་རིག་པ་ཡིན་ཞེས་བརྗོད་བཞིན་ཡོད། ངོས་ཀྱི་ཚན་རིག་པ་གཞན་ལྟར་བརྟག་དཔྱད་ཁང་ནང་ཚོད་ལྟའི་ལས་ཀ་བྱེད་ཀྱི་མེད་རུང་། ཕན་ཚུན་གོ་བསྡུར་བྱས་ནས་འགྲོ་ཡི་ཡོད།  ད་ཆ་ཚན་རིག་པ་ཚོས་གཞི་རྩའི་མིའི་ལྷན་སྐྱེས་ཀྱི་རང་བཞིན་བྱམས་བརྩེ་ལྡན་པ་ཡིན་པའི་ར་སྤྲོད་ཐུབ་ཡོད།  རྙོག་དྲ་བཟོ་མཁན་དང་མཐའ་ན་མི་གསོད་མཁན་ཚོའང་ཐོག་མར་ཨ་མའི་མངལ་ལས་སྐྱེས་པ་ཤ་སྟག་རེད།   ཁོང་ཚོའང་ཨ་མའི་བྱམས་བརྩེའི་འོག་ནས་ཚར་ལོང་བྱུང་ཡོད།  ཨ་མའི་བྱམས་བརྩེ་མེད་ན་འཚོ་ཐུབ་རྒྱུ་མ་རེད།”ཅེས་དང་། དཀའ་རྙོག་འདིའི་རིགས་སེལ་བར་དུས་ཚོད་འགོར་ངེས་ཀྱང་། དེ་སེལ་ཐབས་སུ་ཤེས་ཡོན་སློབ་གསོ་སྤྲད་དགོས་སྐོར་སོགས་གསུངས་སོང་། །

གསར་འགོད་པ་བཀྲ་ཤིས་དོན་གྲུབ།

Print Friendly, PDF & Email
Share on Facebook0Tweet about this on TwitterShare on Google+0Share on LinkedIn0Email this to someone
0 commentsViews: 417

Leave a Reply