གཟི་ཚ་སྡེ་དགུའི་ས་ཡོམ་ཁྲོད་ཉུང་མཐར་མི་༡༣ གྲོངས་ཡོད་འདུག

སི་ཨེན་ཨེན་གསར་ཁང་གིས་གནས་ཚུལ་སྤེལ་གསལ་ལྟར་ན། ཟླ་འདིའི་ཕྱི་ཚེས་༨ ཉིན་གྱི་དགོང་མོར་རྔ་བ་ཁུལ་གཟི་ཚ་སྡེ་དགུ་རུ་ས་ཡོམ་ཤུགས་ཆེན་པོ་ཞིག་བརྒྱབས་ནས་ཉུང་མཐར་མི་༡༣ རྐྱེན་ལམ་དུ་བཏང་ཡོད་ཅིང་། ༡༧༥ ལ་རྨས་སྐྱོན་ཤོར་ཡོད་པ་དང་། དེའི་ཁྲོད་ནས་མི་༢༨ ལ་རྨས་སྐྱོན་ཚབས་ཆེན་ཐེབས་ཡོད་འདུག་པ་མ་ཟད། བརྙན་ཐུང་དང་པར་རིས་བཅས་ལ་གཞིགས་ན་ས་ཁང་དང་རྒྱུ་དངོས་བཅས་ལ་གྱོང་གུད་ཧ་ཅང་ཆེན་པོ་ཐེབས་ཡོད་པའི་རྣམ་པ་འདུག

འདས་གྲོངས་སུ་སོང་བ་དེ་དག་གི་ཁྲོད་ནས་ཉུང་མཐར་མི་༥ ཡུལ་སྐོར་སྤྲོ་འཆམ་པ་ཡིན་འདུག་ཅིང་། ཡུལ་དེར་ཡོད་པའི་རྒྱལ་སྤྱིའི་མགྲོན་ཁང་གཏོར་བཤིག་ཆེན་པོ་ཐེབས་པ་རྣམས་ཀྱི་ནང་ནས་མི་༢༨༠༠ ཙམ་མྱུར་སྐྱོབ་བྱས་ཡོད་འདུག མྱུར་སྐྱོབ་རུ་ཁག་གིས་ད་དུང་ཡང་ས་རྡོ་སོགས་ཀྱི་ཞིག་རོ་རྣམས་གཙང་བཟོ་བྱེད་བཞིན་ཡོད་འདུག་ཅིང་།  དེ་དག་གི་འོག་ཏུ་མནན་ཡོད་པའི་མི་རྣམས་རྙེད་སོན་འབྱུང་མུས་ཡིན་འདུག

རྒྱ་ནག་ས་འགུལ་དྲ་བ་ལྟེ་གནས་ཁང་ནས་ཤུགས་ཚད་༧.༠ ཡིན་པར་བརྗོད་ཡོད་འདུག་ཀྱང་། ཨ་རིའི་ས་ཁམས་ལྟ་ཞིབ་པས་ཤུགས་ཚད་༦.༥ ཡིན་པར་བརྗོད་ནས། ས་ཡོམ་གྱི་ཤུགས་ཚད་ཐད་མི་མཐུན་པ་བྱུང་ཡོད་འདུག ས་ཡོམ་གྱི་ལྟེ་གནས་ནས་ཀི་ལོ་མི་ཊར་༣༠༠ ཡི་མཚམས་སུ་ཡོད་པའི་སི་ཁྲིན་ཞིང་ཆེན་གྱི་གྲོང་ཁྱེར་གཙོ་བོ་རྒྱ་ནག་ཁྲིན་ཏུ་ལ་ཡང་ས་ཡོམ་གྱི་ཤུགས་རྐྱེན་བྱུང་ཡོད་འདུག

རྒྱ་ནག་གཞུང་འབྲེལ་གསར་ཁང་ཁག་གིས་གནས་ཚུལ་སྤེལ་བ་ལྟར་ན། རྒྱ་ནག་ས་ཡོམ་དོ་དམ་ཁང་ལ་ཛ་དྲག་མྱུར་སྐྱོབ་བྱེད་སྟངས་རིམ་པ་བཞི་ཡོད་པ་ལས། ད་ཐེངས་ཀྱི་ས་ཡོམ་འདིར་རིམ་པ་དང་པོ་སྟེ། ཛ་དྲག་མྱུར་སྐྱོབ་ཚད་མཐོ་ཤོས་ཀྱི་རིམ་པ་དེ་སྤྱད་ནས།  མེ་གསོད་རླངས་འཁོར་༤༠༠ མ་ཟིན་ཙམ་དང་། མེ་གསོད་མཁན་༡༡༠༠ ལྷག་བཏང་ཡོད་ཅིང་། དེ་དག་གིས་ཚེ་སྲོག་འཚོལ་བྱེད་ཀྱི་ཡོ་ཆས་༥༥ དང་། ཉེན་སྐྱོབ་ཀྱི་ཁྱི་༣༠། སྐམ་གློག་འཁྲུལ་འཁོར་༢༤ བཅས་ཁྱེར་ཡོད་འདུག

ས་གནས་དཔྱ་ཁྲལ་བསྡུ་ལེན་གྱི་ལས་བྱེད་ཡུ་ཞེན་གྱིས་ཤིན་ཧཱ་གསར་ཁང་ལ་བརྗོད་པ་ལྟར་ན། ས་ཡོམ་གྱི་ཤུགས་རྐྱེན་གྱིས་གློག་དང་ཁ་པར་གྱི་བརྡ་རྟགས་ཀྱང་ཆད་ཡོད་འདུག་པ་མ་ཟད། དེ་རིང་ཕྱི་ཚེས་༩ ཉིན་ནས་ས་གནས་དེའི་ཡུལ་སྐོར་སྤྲོ་འཆམ་གྱི་ལྟེ་གནས་རྒྱལ་ཡོངས་སྐྱེད་མོས་ཚལ་སོགས་སྒོ་རྒྱག་རྒྱུ་ཡིན་པ་ས་གནས་གཞུང་གིས་བསྒྲགས་ཡོད་འདུག

དེ་བཞིན་ཨ་རིའི་ས་ཁམས་ལྟ་ཞིབ་པས་བརྗོད་པ་ལྟར་ན། དེ་རིང་ཞོགས་པ་ས་གནས་ཀྱི་ཆུ་ཚོད་༧ དང་སྐར་མ་༢༧ ཐོག་རྒྱ་ནག་གི་དབང་འོག་ཏུ་ཡོད་པའི་ཡུ་གུར་རང་སྐྱོང་ཁུལ་དུའང་ཤུགས་ཚད་༦.༣ ཅན་གྱི་ས་ཡོམ་ཞིག་གཏིང་ཚད་ཀི་ལོ་མི་ཊར་༢༥.༩ མཚམས་སུ་བརྒྱབས་ཡོད་འདུག་ཀྱང་། ཞིབ་ཕྲའི་གནས་ཚུལ་ཐོན་མེད་པ་རེད་འདུག །

གསར་འགོད་པ་བཀྲ་ཤིས་དོན་གྲུབ།

Print Friendly, PDF & Email
Share on Facebook0Tweet about this on TwitterShare on Google+0Share on LinkedIn0Email this to someone
0 commentsViews: 182

Leave a Reply