གུ་ཡངས་ལྟ་བ་འཛིན་མཁན་ཞིག་ལྷོ་ཀོ་རི་ཡའི་སྲིད་འཛིན་དུ་འོས་འདེམས་བྱུང་བ།

ལྷོ་ཀོ་རི་ཡའི་ལོ་རྒྱུས་ནང་གི་བུད་མེད་སྲིད་འཛིན་དང་པོ་ལྕམ་པག་གྷེའུ་ཧི་ལ་ལྐོག་ཟ་རུལ་སུངས་སོགས་ཀྱི་ཉེས་འཛུགས་ཀྱིས། སྲིད་འཛིན་ལས་གནས་ནས་གནས་དབྱུང་བཏང་རྗེས། སྲིད་འཛིན་འོས་བསྡུའི་ཁྲོད་གུ་ཡངས་ཀྱི་ལྟ་བ་འཛིན་མཁན་ལོ་ན་༦༤ ལ་སོན་པའི་མང་གཙོ་ཚོགས་པའི་སྲིད་འཛིན་འོས་མི་སྐུ་ཞབས་མུན་ཇེ་ཨེན་ལ་རྒྱལ་ཁ་ཆེན་པོ་ཐོབ་ནས་ལས་ཁུར་དམ་འབུལ་བྱས་འདུག

ཟླ་འདིའི་ཚེས་༩ ཉིན་ལྷོ་ཀོ་རི་ཡའི་མི་མང་གིས་སྲིད་འཛིན་གྱི་འོས་བསྡུ་བྱས་ཡོད་པ་དང་། མཐའ་མའི་གྲུབ་དོན་དུ་གུ་ཡངས་ཀྱི་ལྟ་བ་འཛིན་མཁན་སྐུ་ཞབས་མུན་ཇེ་ཨན་ལ་འོས་འབངས་ཀྱི་བརྒྱ་ཆ་༤༡.༡ ཐོབ་ནས་རྒྱལ་ཁ་ཐོབ་ཡོད་པ་དང་། རྙིང་ཞེན་གྱི་ལྟ་བ་འཛིན་མཁན་སྐུ་ཞབས་ཧུང་ཇོན་པིའུ་ལ་བརྒྱ་ཆ་༢༥.༥ ཐོབ་ཡོད་འདུག

ཟླ་འདིའི་ཚེས་༡༠ ཉིན་ལྷོ་ཀོ་རི་ཡའི་གྲོས་ཚོགས་ཁང་བརྩེགས་ནང་དུ་སྐུ་ཞབས་མུན་ཇེ་ཨན་གྱིས་ལས་འཁུར་དམ་འབུལ་བཞེས་ཡོད་པ་རེད།

དམ་འབུལ་གཏམ་བཤད་སྐབས་ཁོང་གིས་ཀོ་རི་ཡའི་མཚོ་གླིང་ཁུལ་དུ་ཞུ་བདེ་ཡོང་ཐབས་སུ་གང་བྱེད་ཐུབ་ཚད་བྱ་རྒྱུ་ཡིན་པ་དང་། དེའི་ཆེད་རྒྱ་ནག་དང་ཉི་ཧོང། དེ་བཞིན་དུས་ཚོད་འགྲིག་པ་བྱུང་ཚེ་བྱང་ཀོ་རི་ཡ་ལ་ཡང་གྲོས་མོལ་ཆེད་འགྲོ་རྒྱུ་ཡིན་སྐོར་གསུངས། དེ་བཞིན་ཨ་རི་དང་རྒྱ་ནག་ལྷན་དུ་ལྷོ་ཀོ་རི་ཡའི་ས་ཐོག་ཏུ་རྩོད་རྙོག་ཅན་གྱི་རྒྱང་རིང་མེ་ཤུགས་འཕར་མདའ་འགོག་ཆེད་ཀྱི་མཚོན་ཆའི་མ་ལག་བསྒྲིགས་འཇོག་བྱས་པའི་སྐོར་ལ་གྲོས་མོལ་མཐིལ་ཕྱིན་པ་བྱ་རྒྱུ་ཡིན་སྐོར་གསུངས་འདུག

བྱང་ཀོ་རི་ཡའི་རྡུལ་ཕྲན་མཚོན་ཆ་བཟོ་སྐྲུན་དང་ཚོད་ལྟའི་གནད་དོན་དང་འབྲེལ་ནས། ཨ་བྱང་གཉིས་བར་འཇིགས་སྐུལ་བྱེད་རེས་བྱེད་བཞིན་པའི་རྐྱེན་གྱིས། ཀོ་རི་ཡའི་མཚོ་གླིང་ཁུལ་དུ་དམག་ཤོར་བའི་ཉེན་ཁ་ཡོད་ཀྱང་། ལྷོ་ཀོ་རི་ཡའི་མི་མང་ཕོན་ཆེན་པོ་ཞིག་ལ་གནད་དོན་དེ་ལས། དཔལ་འབྱོར་ཡར་རྒྱས་དང་རྒྱལ་ནང་གི་ལྐོག་ཟ་རུལ་སུངས་རྩ་མེད་གཏོང་དགོས་པའི་བསམ་ཚུལ་ཡོད་འདུག་པས། སྐུ་ཞབས་མུན་ཇེ་ཨན་གྱིས་དཔལ་འབྱོར་ཡར་རྒྱས་བཏང་ནས་གཞོན་སྐྱེས་ལས་མེད་ཀྱི་དཀའ་ངལ་མེད་པ་བཟོ་རྒྱུ། དེ་བཞིན་སྐབས་སྔོན་མའི་གནས་དབྱུང་བཏང་བའི་སྲིད་འཛིན་ལྕམ་པག་གྷེའུ་ཧི་ཡི་གླེང་རྙོག་དངའབྲེལ་ནས། རྒྱལ་ནང་དུ་བསམ་ཚུལ་མི་འཐུན་པ་འཐོར་ཞིག་གི་གནས་སྟངས་བྱུང་ཡོད་པས། ཆིག་སྒྲིལ་བཟོ་རྒྱུའི་ཁས་ལེན་བྱས་འདུག

སྐུ་ཞབས་མུན་ཇེ་ཨན་གྱི་ཕ་མ་གཉིས་ནི་བྱང་ཀོ་རི་ཡ་ནས་སྐྱབས་བཅོལ་ཡོང་བ་ཡིན་པ་དང་། ལྷོ་ཀོ་རི་ཡའི་དམིགས་བསལ་དམག་གི་རུ་ཁག་ནང་ཞབས་འདེགས་སྒྲུབ་མྱོང་འདུག དེ་རྗེས་འགྲོ་བ་མིའི་ཐོབ་ཐང་གི་ཁྲིམས་རྩོད་པའི་ལས་ལ་ཞུགས། དེ་བཞིན་སློབ་མའི་དུས་སྐབས་སུ་གནས་དབྱུང་བཏང་བའི་སྲིད་འཛིན་ལྕམ་པག་གྷེའུ་ཧི་ཡི་ཕ་པག་ཆུང་ཧི་ཡིས། དམག་གི་སྒྲིག་འཛུགས་ཐོག་ནས་ལྷོ་ཀོ་ཡར་སྲིད་དབང་འཛིན་བཞིན་པར་ངོ་རྒོལ་བྱས་ཏེ་བཙོན་ལ་བཅུག་མྱོང་ཡོད་འདུག

དེ་བཞིན་དེ་སྔོན་གུ་ཡངས་ཀྱི་སྲིད་འཛིན་རོ་མུ་ཧུང་གི་ལས་རོགས་གཙོ་བོ་ཞིག་ཡིན་པ་དང་། ཕྱི་ལོ་༢༠༡༢ ལོར་ལྕམ་པག་གྷེའུ་ཧི་དང་སྲིད་འཛིན་འོས་འགྲན་བྱས་ཏེ་ཕམ་ཉེས་བྱུང་ཡོད་འདུག

ཁོང་གིས་དེ་སྔོན་གྱི་རྙེང་ཞེན་ཚོགས་པའི་གཞུང་འཛིན་དུས་ཡུན་སྐབས། བྱང་ཀོ་རི་ཡ་དང་འབྲེལ་བ་བཅད་པར་སྐྱོན་བརྗོད་ཤུགས་ཆེན་བྱེད་མཁན་ཞིག་ཡིན་འདུག་པ་དང་། ལྷོ་ཀོ་རི་ཡའི་ནང་ཁྱིམ་ཚང་ཆེན་པོའི་འཛིན་སྐྱོང་བྱེད་བཞིན་ཚོང་ལས་ཁང་གི་ལམ་སྲོལ་དེ་བཅོས་བསྒྱུར་གཏོང་འདོད་ཡོད་མཁན་ཞིག་ཡིན་འདུག

ད་ལྟའི་ཆར་ཨ་རི་དང་རྒྱ་ནག ཉི་ཧོང་སོགས་ཀྱིས་ཁོང་གི་རྒྱལ་ཁ་ལ་དགའ་བསུ་བྱས་འདུག་ཀྱང་། བྱང་ཀོ་རི་ཡས་ཡ་ལན་གང་ཡང་བྱས་མི་འདུག དེ་སྔོན་བྱང་ཀོ་རི་ཡས་ཁོང་སྲིད་འཛིན་དུ་འདོད་མོས་ཡོད་སྐོར་གོ་རྒྱུ་བཏང་ཡོད་འདུག །

གསར་འགོད་པ་སྐལ་བཟང་དོན་འགྲུབ།

Print Friendly, PDF & Email
Share on Facebook33Tweet about this on TwitterShare on Google+0Share on LinkedIn0Email this to someone
0 commentsViews: 190

Leave a Reply