གྲོས་ཚོགས་ནས་བཀའ་ཤག་ཕྱི་ལ་ཐོན་ཏེ་བགྲོ་གླེང་ནང་མཉམ་ཞུགས་བྱས་མ་སོང་།

ཟླ་འདིའི་ཚེས་༡༨ ཉིན་སྐབས་བཅུ་དྲུག་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་གསུམ་པའི་ཉིན་ལྔ་པའི་ཐོག སྐབས་༡༦ པའི་འོས་བསྡུའི་སྒྲིག་གཞི་བསྐྱར་བཅོས་འཆར་ཟིན་ཚོགས་ཆུང་གི་ལས་བསྡོམས་དང་གྲུབ་དོན་སྙན་ཐོ་སྒྲོགས་སྦྱང་བྱས་པ་དང་། སྲིད་སྐྱོང་དང་སྤྱི་འཐུས་ཀྱི་སྔོན་འགྲོ་དང་དངོས་གཞི་ཐེངས་གཉིས་འོས་འཕེན་མི་དགོས་པའི་བསམ་འཆར་སྙན་ཐོའི་ནང་སླེབས་མེད་པས། སྙན་ཐོར་ངོ་རྒོལ་མཚོན་ཆེད་བགྲོ་གླེང་ནང་མ་ཞུགས་པར་སྲིད་སྐྱོང་བློ་བཟང་སེང་གེས་སྣེ་ཁྲིད་དེ་བཀའ་ཤག་གྲོས་ཚོགས་ཀྱི་ཕྱི་ལ་ཐོན་ཡོད་པ་རེད།

སྲིད་སྤྱི་གཉིས་ཀྱི་འོས་བསྡུའི་སྐོར་ལ་མི་མང་ནང་དང་གྲོས་ཚོགས་ནང་བགྲོ་གླེང་རིམ་པ་བྱུང་མཐར། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་དང་པོས་ཆེད་བཙུགས་བཙན་བྱོལ་བོད་མིའི་འོས་བསྡུའི་སྒྲིག་གཞི་བསྐྱར་བཅོས་ཀྱི་འཆར་ཟིན་ཚོགས་ཆུང་ཆེད་འཛུགས་བྱས་ཏེ།  ཚོགས་གཙོ་དཔལ་འབྱོར་བཀའ་བློན་ཀརྨ་ཡེ་ཤེས། ཚོགས་དྲུང་སྤྱི་འཐུས་དགེ་བཤེས་སྨོན་ལམ་མཐར་ཕྱིན། ཚོགས་མི་དབུས་འོས་བསྡུའི་སྤྱི་ཁྱབ་འགན་འཛིན་ཤོ་ཟུར་བསོད་ནམས་ཆོས་འཕེལ། ཚོགས་མི་སྤྱི་འཐུས་པདྨ་འབྱུང་གནས། ཚོགས་མི་སྤྱི་འཐུས་ཀླུ་ཚང་རྒྱ་རིགས་ཐར་བཅས་གཏན་འབེབས་བྱས་མཐར། མི་མང་གི་བསམ་འཆར་དང་གྲོས་ཚོགས་ནང་དེ་སྔོན་གླེང་སློང་བྱུང་བ་ཁག་གཞིར་བཞག་གིས་འོས་བསྡུའི་སྒྲིག་གཞི་དོན་ཚན་མང་པོའི་ཐོག་བསྐྱར་བཅོས་ཀྱི་སྙན་ཐོ་གྲོས་ཚོགས་ནང་བགྲོ་གླེང་ཆེད་སྒྲོགས་སྦྱང་བྱས་རྗེས། སྲིད་སྐྱོང་བློ་བཟང་སེང་གེས་ཚིག་བརྗོད་བསྐྱར་བཅོས་ནང་སྲིད་སྤྱིའི་འོས་བསྡུ་སྔོན་འགྲོ་དང་དངོས་གཞི་གཉིས་ཀ་མི་དགོས་པའི་བསམ་འཆར་སླེབས་མེད་པས་དགག་པ་བརྒྱབ། ཚོགས་དྲུང་སྤྱི་འཐུས་དགེ་བཤེས་སྨོན་ལམ་མཐར་ཕྱིན་གྱིས་གསལ་བཤད་གནང་རྗེས། སྲིད་སྐྱོང་གིས་བཀའ་ཤག་བགྲོ་གླེང་དེའི་ནང་མཉམ་ཞུགས་བྱེད་རྒྱུ་མིན་ཞེས་བཀའ་ཤག་གྲོས་ཚོགས་ཀྱི་ཕྱི་ལ་ཐོན་ཡོད་པ་རེད།

སྔོན་འགྲོ་དང་དངོས་གཞིའི་འོས་བསྡུ་ཐེངས་གཉིས་མི་དགོས་པ་སྙན་ཐོའི་ནང་འདོན་དགོས་པའི་བསམ་འཆར་ཚོགས་ཆུང་གི་ཚོགས་གཙོ་བཀའ་བློན་ཀརྨ་ཡེ་ཤེས། ཚོགས་མི་དབུས་འོས་བསྡུའི་སྤྱི་ཁྱབ་འགན་འཛིན་ཤོ་ཟུར་བསོད་ནམས་ཆོས་འཕེལ་གྱིས་བཏོན་ཡོད་པ་དང་། ཚོགས་ཆུང་གི་ཚོགས་དྲུང་གིས་མཚོན་པས་སྤྱི་འཐུས་གསུམ་གྱིས་དེར་མོས་མཐུན་མ་བྱས་པར་མང་མོས་ཐག་གཅོད་བྱས་པ་ཞིག་ཡིན་འདུག

སྙན་ཐོ་དེ་གྲོས་ཚོགས་ནང་བགྲོ་གླེང་ཆེད་ཚུད་མིན་གྲོས་ཚོགས་ནང་ལག་པ་བཀྱགས་སྐབས། སྤྱི་འཐུས་ཨ་ཀྲུག་ཚེ་བརྟན་དང་། སྤྱི་འཐུས་བློ་བཟང་གྲགས་པ་གཉིས་ཀྱིས་དགག་པ་བརྒྱབ་ཡོད་ནའང་། གྲོས་ཚོགས་ནང་ཚུད་དགོས་པ་ཚད་མཐོའི་མང་མོས་ཀྱི་རྒྱབ་སྐྱོར་བྱས་པས། ད་ལྟ་སྙན་ཐོ་དེ་གཏན་འབེབས་དགོས་མིན་སྐོར་ལ་བགྲོ་གླེང་བྱེད་བཞིན་ཡོད་པ་རེད།།

གསར་འགོད་པ་ཆོས་ཉིད་འོད་ཟེར་གྱིས།

 

 

Share on Facebook159Tweet about this on TwitterShare on Google+0Share on LinkedIn0Email this to someone
1 commentViews: 3343

One Comment

  1. འོས་བསྡུ་རིམ་པ་གཉིས་ཡིན་གཅིག་དགོས་རེད་

Leave a Reply