གྲྭ་པ་ཞིག་གི་རང་སྲེག་རྒྱ་རྒོལ།

ཉིན་ཤས་སྔོན་བོད་ཁམས་དཀར་མཛེས་རྫོང་ཐོག་ཏུ་རང་ལོ་༦༣ ཙམ་ཡིན་པ་གྲྭ་བསྟན་དགའ་ཡིས་རང་ལུས་མེར་སྲེག་གནང་སྟེ་རྒྱ་གཞུང་ལ་ངོ་རྒོལ་གནང་རྗེས་འདས་གྲོངས་སུ་སོང་ཡོད་འདུག

བོད་མིའི་སྒྲིག་འཛུགས་ཀྱི་དྲ་གནས་དང་བརྒྱུད་ལམ་ཁག་ཏུ་ཁོང་གིས་ཟླ་འདིའི་ཚེས་༢༦ ཉིན་རང་སྲེག་བཏང་སྐོར་འཁོད་ཡོད་ནའང་། འབྲེལ་ཡོད་ཅིག་གིས་ས་གནས་སུ་རྒྱ་ནག་གཞུང་གིས་དམ་དྲག་ཆེ་བས་ཉིན་ཤས་རྗེས་ལས་ཕྱི་ལ་ཁྱབ་ཐུབ་མེད་པ་དང་། དམ་དྲག་འོག་ནང་མི་འབྲེལ་ཡོད་ལ་འབྲེལ་བ་བྱེད་ཁག་པས། རང་སྲེག་གཏོང་ཉིན་ཚེས་གྲངས་ཁ་གསལ་ཤེས་ཐུབ་མེད་སྐོར་འགྲེལ་བརྗོད་བྱས་སོང་ལ། ཡང་གཅིག་གིས་ཟླ་འདིའི་ཚེས་༢༠ ཡིན་སྐོར་ཡང་འགྲེལ་བརྗོད་བྱས་སོང་།

གྲྭ་བསྟན་དགའ་ནི་ཁམས་དཀར་མཛེས་རྫོང་དང་ཐག་ཉེ་བའི་མདའ་མདོ་གྲོང་ནས་ཡིན་ཞིང་། ཁོང་ལ་ཕ་མ་གཅིག་པའི་སྤུན་མཆེད་གསུམ་ཡོད་འདུག ཁོང་གི་ཁྱིམ་ཚང་འཚོ་བའི་གནས་སྟངས་གང་ལེགས་ཡོད་པ་དང་། ལྷག་དོན་དམ་པ་ཁོང་གིས་ཕ་ཡུལ་གྱི་མང་ཚོགས་རྣམས་ལ་ནང་ཆོས་སློབ་ཁྲིད་གནང་གི་ཡོད་སྟབས་མང་ཚོགས་ཁྲོད་དམ་པ་ཁོང་ལ་རྒན་བསྟན་དགའ་ཞེས་འབོད་སྲོལ་འདུག    ཁོང་གིས་རང་ལུས་ལ་མེ་འབར་བཞིན་དུ་བོད་ལ་རང་དབང་དགོས་པའི་འབོད་ཚིག་བསྒྲགས་ཡོད་པ་ཉེ་འགྲམ་བོད་མི་ཚོད་གོ་ཐོས་བྱུང་བའི་གནས་ཚུལ་ཡང་འདུག

དེ་ཡང་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེས་བོད་མི་སྐྱ་སེར་རྒན་དར་གཞོན་གསུམ་གྱི་ཁྲོད་ཕོ་མོ་དབྱེར་མེད་ཐོག་རང་ལུས་མེར་སྲེག་བཏང་དང་གཏོང་བཞིན་པ་མཐོང་སྐབས་སེམས་འཚབ་ཧ་ཅང་སྐྱེ་བཞིན་འདུག   རྒྱ་ནག་གཞུང་གི་དམ་དྲག་སུན་གཙེར་འོག་བོད་མི་རྣམས་ཞི་བདེའི་འཚོ་བ་བསྐྱལ་རྒྱུར་དཀའ་ངལ་ཇི་ཙམ་འཕྲད་བཞིན་ཡོད་པ་གནས་ཚུལ་འདིའི་རིགས་ནས་ཧ་ཅང་གསལ་པོར་མཚོན་ཐུབ།  ད་ཆ་རྒྱ་ནག་གཞུང་གིས་བོད་མི་ཚོའི་མངོན་འདོད་ལ་ཉན་འཇོག་དང་བརྩི་བཀུར་ཞུས་ཐོག བོད་མིར་རང་དབང་སྤྲོད་དགོས་པ་དང་། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་བོད་དུ་གདན་འདྲེན་ཞུ་དགོས། རྒྱ་ནག་གཞུང་གིས་བོད་མིའི་དངོས་ཡོད་དཀའ་ངལ་རྣམས་ངེས་པར་དུ་སེལ་ཐབས་གནང་དགོས།  བོད་ཀྱི་དཀའ་ངལ་གསལ་ཆེད་ཐབས་ལམ་ཡག་ཤོས་དེ་ནི་དབུ་མའི་ལམ་གྱི་སྲིད་བྱུས་གཞི་རྩར་བཟུང་བའི་ཐོག་འཚེ་མེད་ཞི་བའི་གྲོས་མོལ་གྱི་ལམ་ནས་བོད་མིའི་སྐུ་ཚབ་དང་ལྷན་གྲོས་མོལ་བསྐྱར་གསོ་བྱ་རྒྱུ་དེ་ཡིན་ཞེས་གསུངས་འདུག

བོད་མིའི་སྒྲིག་འཛུགས་ཀྱིས་ངོས་འཛིན་ལྟར་ན། བོད་ནང་དུ་ཕྱི་ལོ་༢༠༠༩ ནས་བཟུང་ད་བར་བོད་མི་རང་ལུས་མེར་སྲེག་གནང་མཁན་༡༥༠ ཡོད་ཁོངས་ནས་ལོ་འདིའི་ནང་བོད་མི་ལྔས་རང་ལུས་མེར་སྲེག་བཏང་ཡོད་འདུག །

གསར་འགོད་པ་ཆོས་ཉིད་འོད་ཟེར།

Print Friendly, PDF & Email
Share on Facebook0Tweet about this on TwitterShare on Google+0Share on LinkedIn0Email this to someone
0 commentsViews: 46

Leave a Reply