གློག་བརྙན་དཔའ་བོ་ལ་སླར་ཡང་རྩེ་ཕུད་བྱ་དགའ་ཞིག་ཐོབ་འདུག

རང་སྲེག་རྒྱ་རྒོལ་བ་རྒྱལ་གཅེས་དཔའ་བོ་རྟའུ་འཇམ་དཔལ་ཡེ་ཤེས་ལགས་ཀྱི་མི་ཚེའི་ལོ་རྒྱུས་གཞིར་བཞག་གིས་བཟོས་པའི་གློག་བརྙན་དཔའ་བོ་ལ།  དེ་སྔོན་རྒྱལ་སྤྱིའི་གློག་བརྙན་དུས་སྟོན་མང་པོ་ཞིག་ནང་། སྡེ་ཚན་མང་པོའི་ཁོངས་སུ་རྩེ་ཕུད་ཀྱི་བྱ་དགའི་འོས་མིར་འདེམས་ཐོན་བྱུང་བ་མ་ཟད། སྡེ་ཚན་ཁག་ཅིག་ནང་རྩེ་ཕུད་ཀྱི་བྱ་དགའ་ཡང་ཐོབ་ཡོད་པ་རེད། ཐེངས་འདིར་སླར་ཡང་རྩེ་ཕུད་ཀྱི་བྱ་དགའ་ཞིག་ཐོབ་ཡོད་པ་མ་ཟད། སྡེ་ཚན་མང་པོའི་རྩེ་ཕུད་ཀྱི་འོས་མིར་འདེམས་ཐོན་ཡང་བྱུང་ཡོད་འདུག

ཟླ་༨ པའི་ཚེས་༡༠ ནས་༡༣ བར་ཨ་རིའི་ནིའུ་ཡོག་བྷུ་རུག་ཀེ་ལེན་དུ་འཚོགས་པའི་རྒྱལ་སྤྱིའི་གློག་བརྙན་དུས་སྟོན་ང་གསར་བརྗེ་བ་ (Revolution me) ཞེས་པའི་ཐོག གློག་བརྙན་མི་འདྲ་བ་༥༠ ལས་མང་བ་འགྲན་ཞུགས་བྱས་འདུག་པ་དང་། དེའི་ཁོངས་སུ་བོད་ཀྱི་གློག་བརྙན་དཔའ་བོ་ལ། གློག་བརྙན་དང་གློག་བརྙན་གྱི་དཔར་བཀོད། འཁྲབ་འཁྲིད་པ། བཟོ་སྒྲིག་པ་རྩེ་ཕུད་ཀྱི་བྱ་དགའ་འོས་མིར་འདེམས་ཐོན་བྱུང་འདུག་པ་དང་། གློག་བརྙན་ནང་འཁྲབ་སྟོན་མི་སྣ་གཙོ་བོ་ཤཱ་བོ་རྡོ་རྗེ་ལ་སླར་ཡང་འཁྲབ་སྟོན་པ་རྩེ་ཕུད་ཀྱི་འོས་མིར་འདེམས་ཐོན་བྱུང་ཡོད་འདུག དུས་སྟོན་གྱི་ཉིན་མཐའ་མའི་སྐབས་རྩེ་ཕུད་ཀྱི་བྱ་དགའ་ཐོབ་མཁན་ཁོངས་སུ། གློག་བརྙན་དཔའ་བོའི་འཁྲབ་ཁྲིད་པ་མཱར་ཝེན་དང་བསོད་ནམས་ཚེ་བརྟན་གཉིས་ལ་འཁྲབ་ཁྲིད་པ་རྩེ་ཕུད་ཀྱི་བྱ་དགའ་ཐོབ་འདུག

གློག་བརྙན་དེའི་འཁྲབ་ཁྲིད་པ་གཙོ་བོ་མཱར་ཝེན་གྱིས་རྒྱལ་གཅེས་དཔའ་བོ་འཇམ་དཔལ་ཡེ་ཤེས་ཀྱི་སྐོར་ཇར་མན་གྱི་དུས་དེབ་ཅིག་ནང་བཀླགས་རྗེས། སེམས་འགུལ་ཆེན་པོ་ཐེབས་པ་དང་ཁོང་རྒྱ་གར་རྒྱལ་ས་ལྡི་ལིར་སླེབས་ཏེ། འཇམ་དཔལ་ཡེ་ཤེས་ཀྱི་གྲོགས་པོ་དང་ངོ་ཤེས་པ་རྣམས་ལ་ཐུག་ནས་ཁོང་གི་ལོ་རྒྱུས་རྣམས་རིམ་བཞིན་ཤེས་རྗེས། གློག་བརྙན་དེ་དྷ་ས་དང་ལྡི་ལི་བོད་ཀྱི་གཞིས་སྒར་བསམ་ཡས་གླིང་དང་། ལ་དྭགས་སོགས་ལ་འཁྲབ་ནས་པར་བསྐྲུན་བྱས་ཡོད་འདུག འཁྲབ་ཁྲིད་པ་གཞོན་པ་བསོད་ནམས་ཚེ་བརྟན་ཡིན་པ་དང། འཁྲབ་སྟོན་མི་སྣ་གཙོ་བོ་དེ་བོད་མི་གཞོན་སྐྱེས་ཤཱ་བོ་རྡེ་རྗེ་ཡིན་པ་རེད།

༢༠༡༢ ལོར་རྒྱ་ནག་གི་སྲིད་འཛིན་ཧུའུ་ཅིན་ཐའོ་རྒྱ་གར་དུ་རྒྱལ་དོན་མཚམས་གཟིགས་སུ་ཡོང་བ་དང་སྟབས་བསྟུན། བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱིས་ལྡི་ལི་རུ་ངོ་རྒོལ་ཁྲོམ་སྐོར་ལས་འགུལ་གོ་སྒྲིག་བྱས་པ་དང་། སྐབས་དེའི་ཕྱི་ཟླ་༣ ཚེས་༢༦ ཉིན་ལྡི་ལིར་རྟའུ་བ་འཇམ་དཔལ་ཡེ་ཤེས་ཀྱིས་རང་ལུས་མེར་སྲེག་གིས་རྒྱ་གཞུང་ལ་ངོ་རྒོལ་བྱས་པར་བརྟེན། སྨན་ཁང་དུ་མྱུར་སྐྱོབ་ཆེད་ཁྲིད་ནའང་། ཚེས་༢༨ ཉིན་གྱི་སྔ་དྲོ་སྐུ་གྲོངས་ཡོད་པ་རེད།།

གསར་འགོད་པ་སྐལ་བཟང་དོན་གྲུབ།

Print Friendly, PDF & Email
Share on Facebook0Tweet about this on TwitterShare on Google+0Share on LinkedIn0Email this to someone
0 commentsViews: 243

Leave a Reply