ང་ཚོ་འདིར་འཚོགས་ནས་རྒྱ་ལ་ངོ་རྒོལ་བྱེད་ཀྱི་ཡོད་པའི་བཟོ་རྩ་བ་ནས་མ་རེད་ཅེས་༧གོང་ས་མཆོག་གིས་གསུངས།

ཟླ་འདིའི་ཚེས་༡༠ ཉིན་ཨ་རིའི་མང་གཙོ་ཚོགས་པའི་དབུ་ཁྲིད་ལྕམ་ནེན་སི་པི་ལོ་སིས་སྣེ་ཁྲིད་པའི་ཨ་རིའི་གྲོས་ཚོགས་ཀྱི་མང་གཙོ་ཚོགས་པ་དང་སྤྱི་མཐུན་ཚོགས་པ་བཅས་ཆབ་སྲིད་ཚོགས་པ་ཐུན་མོང་ལས་གྲུབ་པའི་གྲོས་ཚོགས་ཀྱི་ཆེས་མཐོའི་སྐུ་ཚབ་ཚོགས་ཆུང་ཞིག་དྷ་སར་འབྱོར་བར། བོད་མིའི་སྒྲིག་འཛུགས་ཀྱི་ངོས་ནས་དྷ་ས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་དགའ་བསུའི་གཞུང་འབྲེལ་མཛད་སྒོ་འཚོགས་ཡོད་པ་རེད།

མཛད་སྒོའི་ཐོག་༧གོང་ས་མཆོག་དང་། སྲིད་སྐྱོང་བློ་བཟང་སེང་གེ་དང་། ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་གྱིས་དབུས་མང་གཙོའི་བཀའ་བ་གསུམ་གྱི་མཛད་གཙོ་རྣམ་པ་དང་། ཨ་རིའི་མང་གཙོ་ཚོགས་པའི་དབུ་ཁྲིད་ལྕམ་ནེན་སི་པི་ལོ་སིས་དབུས་སྐུ་མགྲོན་རྣམ་པ་ཕེབས་ཡོད་པ་ཡོད་པ་རེད།

༧གོང་ས་མཆོག་གིས་བོད་ལ་ལོ་རྒྱུས་རྒྱུན་རིང་ཡོད་པ་དང་། ས་འོག་ནས་དངོས་རྫས་ཐོན་པར་གཞིར་བཞག་ན་ལོ་ཁྲི་གཉིས་དང་གསུམ་གྱི་ལོ་རྒྱུས་ཡོད་སྐོར་དང་། ང་ཚོའི་མི་རབས་འདིར་ཧ་ཅང་དཀའ་ངལ་ཆེན་པོ་འཕྲད་ནས་༡༩༥༩ ལོར་སྐྱབས་བཅོལ་དུ་ཡོང་དགོས་ཁེལ་བའི་སྐོར་མདོར་བསྡུས་ངོ་སྤྲོད་གནང་བ་དང་། ༧ཁོང་གིས་ “ང་ཚོ་བཙན་བྱོལ་བ་རེད་ལ། དེའི་ངོས་ནས་བཤད་ན་སྐྱབས་མེད་མགོན་མེད་ལྟ་བུ་རེད། ཡིན་ནའང་ང་ཚོར་ངོ་ཤེས་མེད་སར་ངོ་ཤེས་བྱུང་། གྲོགས་པོ་མེད་སར་གྲོགས་པོ་བྱུང་ནས། རྒྱབ་སྐྱོར་བྱེད་མཁན་ལྷག་བསམ་རྣམ་དག་རེད། དེ་དཔལ་འབྱོར་ཁེ་ཕན་དང་། ཆབ་སྲིད་ཀྱི་གནས་སྟངས་འོག་ནས་རྒྱབ་སྐྱོར་བྱས་པ་མ་རེད། བདེན་པ་ལ་རྒྱབ་སྐྱོར་བྱེད་ཀྱི་ཡོད་རེད། དེ་རིང་འདིར་ཨ་རིའི་གྲོས་ཚོགས་འཐུས་མི་ནན་སི་ཕོ་ལི་སེ་ལོ་མང་པོའི་སྔོན་ནས་ང་ཚོའི་ངོ་ཤེས་རེད། ཁོང་དང་ཁོང་གི་ཕྱག་རོགས་འཐུས་མི་གང་འཚམས་ཤིག་འདིར་ཕེབས་པ་རེད། དེ་ཚོ་ང་ཚོས་དཔལ་འབྱོར་གྱི་ཐོག་ནས་རོགས་རམ་བཙལ་མ་རེད། ང་ཚོ་སྐྱོ་པོ་བྱས་ནས་བསྡད་ཡོད་རེད་ཨ། ག་རེ་རེད་ཟེར་ན། ང་ཚོར་བདེན་པ་ཡོད་རེད་ལ། བདེན་པ་ཡོད་པ་གཅིག་པུས་འགྲིག་གི་མ་རེད། བདེན་པ་ཡོད་ནའང་འཚེ་བའི་ལམ་དུ་སོང་ན། མིས་ཤ་ཚ་ཡ་ཁག་པོ་རེད་ཨ། ང་ཚོར་བདེན་པ་ཡོད་པ་དེ་མ་རྩར་བཞག་ནས་མཐའ་གཅིག་ཏུ་འཚེ་བ་མེད་པའི་ལམ་ལ་བརྟེན་ནས་འཐབ་རྩོད་བྱས་བསྡད་ཡོད་རེད། ང་ཚོས་རྒྱ་དང་རྩོད་ལེན་ཞིག་བྱེད་ཀྱི་ཡོད་པ་རེད་དེ། རྒྱ་མི་རིགས་ལ་གུས་བརྩི་བྱས། མདོར་ན་གུང་ཁྲན་ཏང་ཡན་བློ་སྦུ་སུ་དོགས་པོ་བྱས་ནས་ཡོད་མཁན་ཚོར་ཡང་། སྙིང་རྗེ་བསྒོམས། ཐ་ན་གཏོང་ལེན་གྱི་ནུས་པ་བྱས་ནས། དེ་ཚོའི་སེམས་ཀྱི་རྔམས་སྐྲག་དང་། ཁོང་ཁྲོ། དོགས་པ་དེ་ཚོ་ཚུར་བླངས་ནས། ང་ཚོའི་བྱམས་བརྩེ་དང་བཟོད་པ། ཡིད་ཆེས་ཟེར་བ་དེ་ཚོ་ཕར་བརྗེས་ནས། དངོས་སུ་ལག་ལེན་ཐོག་ལ་ཕན་ཐོགས་མེད་ནའང་། བསམ་བློའི་ནང་ཁྱད་པར་ཡོད་རེད། ང་ཚོས་འཐབ་རྩོད་བྱེད་ཀྱི་ཡོད་པ་རེད་དེ། བྱམས་བརྩེའི་བློ་དང་མ་བྲལ་བའི་ཐོག་ནས་འཐབ་རྩོད་བྱེད་ཀྱི་ཡོད་རེད་”ཅེས་དང་། “ང་ཚོས་གཉིས་ཕན་གྱི་ཐོག་ནས་དཀའ་ངལ་སེལ་ན་བསམ་ནས་འབད་བརྩོན་བྱས་པ་ཡིན་པས། རྒྱ་མི་རིགས་ཀྱི་ནང་དུ་ཡང་རྒྱབ་སྐྱོར་བྱེད་མཁན་ཇེ་མང་རེད་”ཅེས་བྱམས་བརྩེའི་ཐོག་ནས་དཀའ་ངལ་སེལ་ཐབས་བྱས་ན་འཛམ་གླིང་ལ་ཕན་ཐོགས་ཡོང་གི་ཡོད་སྐོར་གསུངས་སོང་།

༧གོང་ས་མཆོག་གིས་ཉིན་དེའི་སྐུ་མགྲོན་རྣམས་དང་འབྲེལ་ནས་གསུང་དོན། “ཁྱེད་རང་ཚོས་ད་སྔ་བར་བོད་པར་ཤ་ཚ་དང་རྒྱབ་སྐྱོར་ཞེ་དྲག་ཡག་པོ་རེད། ཆབ་སྲིད་དང་དཔལ་འབྱོར་གྱི་དཀའ་ངལ་ཐོག་ནས་སྐབས་རེར་བདེ་མ་བདེ་ཡོང་གི་ཡོད་རེད་དེ། ལྷག་བསམ་བྱས་ནས་འཛེམས་ཟོན་མེད་པར་བོད་དོན་ལ་རྒྱབ་སྐྱོར་གནང་གི་ཡོད་པ་རེད། ཨ་མི་རི་ཀར་ཆ་བཞག་ན། རང་དབང་ལྡན་པའི་འཛམ་གླིང་ཡོངས་རྫོགས་ཀྱི་ཕལ་ཆེར་འགོ་ཁྲིད་ཀྱི་བཟོ་འདྲ་ཆགས་བསྡད་ཡོད་རེད། ཨ་མི་རི་ཀ་ཞེ་དྲག་གལ་ཆེན་པོ་རེད། དེའི་ནང་ནས་གྲོས་ཚོགས་གོང་འོག་གི་འཐུས་མི་ང་ཚོ་འདིར་གློ་བུར་དུ་སྐུ་མགྲོན་དུ་ཕེབས་པ་ཞིག་མ་རེད། ལོ་མང་པོའི་སྔོན་ནས་ང་ཚོ་ངོ་ཤེས་བྱས་ནས་འདྲིས། བརྟན་པོ་ཡོད་པའི་གྲོགས་པོ་དང་རྒྱབ་སྐྱོར་བ་ཆགས་བསྡད་ཡོད་རེད། ཁྱེད་རང་ཚོ་ཆེད་མངགས་ཕེབས་ནས་བོད་པ་ཚོར་གདུང་སེམས་མཉམ་བསྐྱེད་དང་བདེན་པའི་རྒྱབ་སྐྱོར་གྱི་རྣམ་འགྱུར་བོད་རྒྱ་ཆེའི་མི་མང་གི་མདུན་དུ་བསྟན་པར་བཀའ་དྲིན་ཆེ་ཞུ་རྒྱུ་ཡིན་”ཞེས་གསུངས་སོང་།

༧གོང་ས་མཆོག་གིས་མུ་མཐུད་གསུང་དོན། “ང་ཚོས་རྒྱ་ཟེར་དུས་གྲོགས་པོའི་འདུ་ཤེས་འཛིན་གྱི་ཡོད། ད་ལྟ་དཀའ་ངལ་ཡོད་པ་དེས་རྒྱ་དང་བོད་གཉིས་ཀར་ཕན་གྱི་ཡོད་མ་རེད། དེ་སེལ་དགོས་པ་རེད། དེ་སེལ་ཐབས་སུ་དྲག་གནོན་བྱས་ནས་ལོ་དྲུག་ཅུ་ལྷག་ཕྱིན་པ་རེད། དཀའ་ངལ་སེལ་གྱི་མི་འདུག་ཨ། དྲག་གནོན་བྱས་ན་མིའི་སེམས་ལ་དོགས་པ་དང་འཇིགས་སྣང་སླེབས་ཀྱི་རེད། འཇིགས་སྣང་སླེབས་ན་འཆམ་མཐུན་ཡོང་གི་མ་རེད། འཆམ་མཐུན་མེད་ན་དཀའ་ངལ་སེལ་གྱི་མ་རེད། བོད་མི་རིགས་རྩ་མེད་ཆགས་ཁག་པོ་རེད། བོད་མི་རིགས་སྡོད་ཀྱི་རེད། བསྡད་ནས་འཆམ་མཐུན་བྱུང་ན་བརྟན་ལྷིང་ཡོང་གི་རེད། བརྟན་ལྷིང་ཡོང་ན་རྒྱ་བོད་གཉིས་ཀར་ཕན་གྱི་རེད། དེ་རིང་ང་ཚོ་འདིར་འཚོགས་ནས་རྒྱ་མི་རིགས་ལ་ངོ་རྒོལ་བྱེད་ཀྱི་ཡོད་པའི་བཟོ་རྩ་བ་ནས་མ་རེད། རྒྱ་མིིའི་གསར་འགྱུར་ནང་ཨ་རིའི་ལོག་སྤྱོད་པས་ཏཱ་ལའི་ལོག་སྤྱད་པར་ལག་པ་སྦྲེལ་ནས་བཤད་མདོག་རེད། དེ་འདྲ་མ་རེད་ཨ། ལོ་རྒྱུས་ཀྱི་ཐོག་ནས་དམིགས་བསལ་འབྲེལ་བ་ཡོད་རེད། དགྲ་དང་གཉེན་གྱི་སྐད་ཆ་མ་རེད། ང་ཚོས་གཉིས་ཕན་གྱི་བསམ་བློ་བཏང་རེེད། ཁྱེད་རང་ཚོས་ཏཱ་ལའི་ལོག་སྤྱོད་པར་འབྲེལ་བ་བྱས་ནས་རྒྱ་མི་རིགས་ངོ་རྒོལ་བྱེད་དུ་དྷ་རམ་ས་སོང་བ་ཡིན་མ་ལབ་ཨ་”ཞེས་བཞད་མོ་དང་སྦྲགས་ནས་གསུངས་སོང་།

༧གོང་ས་མཆོག་གིས་སྲིད་སྐྱོང་ཞེས་པ་དབྱིན་ཡིག་ཐོག་བརྗོད་སྟངས་དང་འབྲེལ་ནས་གསུང་དོན། “བར་སྐབས་ང་ཚོའི་བོད་སྐད་ཐོག་སྲིད་སྐྱོང་ཞེས་པ་ཏག་ཏག་རེད། དབྱིན་སྐད་ཐོག་political leader (ཆབ་སྲིད་ཀྱི་དབུ་ཁྲིད་) ཟེར་བ་དང་། མཚམས་མཚམས་སུ་མང་པོ་ཞིག་ prime minister (སྲིད་བློན་)ཟེར་བ་བཤད་ཀྱི་འདུག དེ་ཆབ་སྲིད་ཀྱི་གནས་ཚུལ་ཞིག་ཆགས་ཀྱི་འདུག  དེ་ལས་President (སྲིད་འཛིན་འམ། ཚོགས་གཙོ་) ལབ་བཞག་ན། དེ་སློབ་གྲྭའི་གཙོ་འཛིན་དང་། སྐྱིད་སྡུག་དང་ཚོགས་པ་འདྲ་མིན་གྱི་ President ལ་གོ་ཡ་འདུག ང་ཚོར་དེའི་ཐོག་བསམ་བློ་བྱུང་བ་དང་། སྐད་ཆ་ཏོག་ཙམ་བྱུང་བ་རེད། བར་སྐབས་དབྱིན་ཡིག་ཐོག་ political leader ཟེར་ནས་ཚིག་འགྲེལ་བཤད་མང་པོ་མ་དགོས་པར།  President ལབ་བཞག་ན། ང་ཚོ་འདིར་སྒྲིག་འཛུགས་ཤིག་ཡོད་རེད། སྒྲིག་འཛུགས་དེའི་ President བྱས་བཞག་ན་མ་འགྲིག་པ་མི་འདུག་ཨ། དེའི་ཐོག་ང་ཚོར་སྐད་ཆ་བྱུང་བ་རེད་”ཅེས་གསུངས་སོང་།།

གསར་འགོད་པ་ཆོས་ཉིད་འོད་ཟེར།

Print Friendly, PDF & Email
Share on Facebook0Tweet about this on TwitterShare on Google+0Share on LinkedIn0Email this to someone
0 commentsViews: 333

Leave a Reply