ངའི་སེམས་ནང་གི་སྐུ་ངོ་བློ་བཟང་སྦྱིན་པ།

དགའ་ལྡན་ཕོ་བྲང་གི་དྲུང་ཆེ་ཟུར་པ་སྐུ་ངོ་བློ་བཟང་སྦྱིན་པ་ལགས་དང་འབྲེལ་བའི་སྐོར་ལ་རང་ཉིད་ཀྱི་བསམ་ཚུལ་ཞིག་སྔོན་ནས་བརྗོད་འདོད་བྱུང་ཡང་། ཕྱོགས་གཅིག་ནས་ལས་བྲེལ་དང་། བར་ལམ་ནས་བཟུང་སྐུ་ངོ་ཁོང་དྷ་སའི་ཁོར་ཡུག་ཆུང་ངུ་འདིའི་གླེང་གཞི་ཞིག་ཏུ་གྱུར་སོང་བས་གནས་སྐབས་ངང་འཐེན་བྱས་པ་ཡིན། འོན་ཀྱང་འདིར་ཁོང་གི་སྐོར་བརྗོད་པའི་སྐབས་སུ་དེང་སྐབས་ཁོང་ནག་པོ་མཐོང་མཁན་རེ་ཟུང་ཡོད་པ་དག་གི་ངོར་དཀར་པོ་བཟོ་ཐབས་བྱ་རྒྱུའི་ཀུན་སློང་བཟུང་མེད་ལ། དཀར་པོ་མཐོང་མཁན་དག་གི་ངོར་ནག་པོ་བཟོ་རྒྱུའི་བསམ་བློ་ནི་དེ་བས་ཀྱང་མེད། གཙོ་བོ་ང་རང་གིས་གང་མཐོང་བའི་སྐུ་ངོ་བློ་བཟང་སྦྱིན་པ་ཁོང་ག་འདྲ་ཞིག་ཡིན་མིན་དེ་ཁ་གསལ་པོའི་ཐོག་ནས་བརྗོད་འདོད་བྱུང་བ་ཙམ་ཡིན།

སྤྱི་ཚོགས་ནང་དེང་སྐབས་ཁོང་དཀར་པོ་རེད། ཡང་དག་པ་རེད་ཅེས་བརྗོད་མཁན་ཁག་ཅིག་གིས་རང་ཉིད་ཀྱི་ཆབ་སྲིད་ཀྱི་དགོས་མཁོ་ཙམ་ལ་བརྟེན་ནས་བརྗོད་པ་ཞིག་ལས། དོན་གྱིས་དེ་དག་གིས་ཁོང་ཡང་དག་པ་ཞིག་ཏུ་མཐོང་གི་ཡོད་མེད་བཤད་དཀའ་ལ། ལོ་བཅུ་ཕྲག་ཙམ་གྱི་སྔོན་དུ་ཁོང་ནག་པོ་ནག་རྐྱང་རེད་ཅེས་དངོས་ཤུགས་བརྒྱུད་གསུམ་ནས་དཀྲོག་གཏམ་སྤེལ་མཁན་ཁག་ཅིག་གིས་ཀྱང་། དེང་སྐབས་ཁོང་ལ་བསྟོད་བསྔགས་ཀྱི་མཐེ་བོང་བསྒྲེངས་པ་མཐོང་རྒྱུ་འདུག སྔོན་མ་ཁོང་ཡང་དག་པ་རེད་ཅེས་བརྗོད་མཁན་ཁག་ཅིག་གིས་དེང་སྐབས་ཡག་པོ་མ་རེད་ཅེས་བརྗོད་མཁན་འདུག་ཀྱང་། དོན་དུ་དེ་དག་ནི་ཕྱོགས་སོ་སོའི་རང་ཉིད་ཀྱི་ཆབ་སྲིད་ཀྱི་དགོས་མཁོ་ཆུང་ངུ་ཙམ་རེ་མ་འགྲུབ་པ་ལ་བརྟེན་ནས་བརྗོད་པ་ལས། ཁོང་རང་ཉིད་ཀྱི་ངོས་ནས་འགྱུར་བ་གང་ཡང་སོང་མེད་པར་སྔོན་མ་རང་འཇགས་རེད་ལ། ངའི་སེམས་ནང་དུའང་དུས་ནམ་ཡང་འགྱུར་བ་མེད་པར་དཀར་གསལ་གྱི་དུང་ཟླ་དཀར་ཆུང་ཞིག་རང་ཡིན།

སྤྱིར་སྐུ་ངོ་བློ་བཟང་སྦྱིན་པ་ལགས་ནི་ཤེས་ཡོན་གྱི་ཆ་ནས་རྒྱ་གར་གྱི་མཐོ་སློབ་སྦྱངས་འབྲས་ཕུལ་བྱུང་གི་ཐོག་ནས་སློབ་ཐོན་བྱུང་ཞིང་། ༧གོང་ས་མཆོག་དང་བཙན་བྱོལ་བོད་གཞུང་ལ་ཐེག་པ་རིམ་འཛེགས་ཀྱིས་ཞབས་ཕྱི་ཞུས། (ཁོང་གི་ལོ་རྒྱུས་གཞན་དུ་མང་པོ་འདུག་པས་འདིར་བྲིས་མེད)བཙན་བྱོལ་ནང་འཚར་ལོང་བྱུང་བའི་མི་སྐྱ་ཞིག་གི་ནང་དུ་ནང་ཆོས་སོགས་བོད་ཀྱི་སྐད་ཡིག་རིག་གནས་ཀྱི་ཐོག་ནས་ཁོང་དང་འགྲན་བཟོད་པ་ཞིག་ཧ་ལམ་མེད་ལ། ཁོང་གིས་ད་བར་ནང་ཆོས་དང་རིག་གནས། རྒྱ་གཞུང་གིས་བོད་ཀྱི་གནད་དོན་ལ་འཁྱོག་བཤད་བྱས་པ་ཁག་ཅིག་ལ་ལན་འདེབས་གནང་བ་སོགས་རྩོམ་དེབ་མང་པོ་ཞིག་བྲིས་འདུག དེ་བཞིན་སྐད་ཡིག་གཞན་གྱི་ཐོག་ནས་ཀྱང་མཐོ་སློབ་ཀྱི་ཆུ་ཚད་ཡོད་པའི་ཕུལ་བྱུང་མི་སྣ་ཞིག་རེད།

ཆབ་སྲིད་བསམ་བློའི་ཐོག་ནས་བཤད་ཀྱང་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཙོ་གནང་སྐབས་ཆབ་སྲིད་ཀྱི་ཐོག་ནས་ལས་འགུལ་མང་པོའི་སྣེ་ཁྲིད་གནང་ཡོད་པ་དང་། བོད་དང་རྒྱ་ནག་ཏུ་གཟིགས་སྐོར་སྐུ་ཚབ་གནང་ནས་ཕེབས་མྱོང་བས་བོད་དང་རྒྱ་ནག་གི་གནས་སྟངས་ལ་རྒྱུས་མངའ་ཡོད། ལྷག་པར་རྒྱ་གཞུང་གིས་བོད་དོན་སྐོར་ལ་འཁྱོག་བཤད་བྱས་པར་རྒྱུ་མཚན་དང་གནས་ལུགས་ལྡན་པའི་ཐོག་ནས་ལན་འདེབས་གནང་ཡོད་པ་ལས། བོད་པ་ནང་ཁུལ་དུ་དགག་སྒྲུབ་ཀྱི་མདའ་ཁ་སྐོར་མཁན་ཞིག་གཏན་ནས་མིན། བོད་ཀྱི་རྩ་དོན་ཆེད་རླབས་ཆེན་གྱི་བློས་གཏོང་གནང་མྱོང་བའི་མདོ་ཁམས་ཆུ་བཞི་སྒང་དྲུག་ཚོགས་པའི་ངོས་ནས་བཀའ་བློན་ཁྲི་པའི་འོས་གཞིར་བཏོན་པས་མཚོན། བཙན་བྱོལ་ནང་གི་གནད་ཡོད་མི་སྣ་མང་པོ་ཞིག་གིས་ཁོང་སྐབས་དེར་བཀའ་བློན་ཁྲི་པའི་འོས་གཞིར་བཏོན་པ་དེ་ཡང་། ཁོང་གི་ཆབ་སྲིད་ཀྱི་བསམ་བློ་དང་མཁྱེན་དཔྱོད་རྒྱ་ཆེན་པོ་ཡོད་པའི་མཚོན་རྟགས་ཉག་གཅིག་ཏུ་གྱུར་ཡོད།

དེ་བཞིན་ཁོང་ནི་དྲང་ཚུགས་དང་མི་གཤིས་ཀྱི་ཐོག་ནས་གཞན་ལ་མེད་པའི་ཁྱད་ཆོས་ཆེན་པོ་ཡོད་མཁན་ཞིག་ཡིན་པ་དང་། སྤྱིར་བཙན་བྱོལ་བོད་པའི་སྤྱི་ཚོགས་ནང་མི་ཞིག་ཆེན་པོ་དང་གཉན་པོ་ཁག་ཅིག་གིས་ནག་པོར་བརྩི་བཞིན་ཡོད་ན། མི་དེའི་དོན་དངོས་ག་འདྲ་ཞིག་ཡིན་མིན་ལ་མ་ལྟོས་པར། རང་ཉིད་ཀྱི་གྲོགས་པོ་དང་འབྲེལ་ཡོད་ག་འདྲ་ཞིག་ཡིན་ཡང་། དེ་ནས་བཟུང་འབྲེལ་བ་མི་བྱེད་མཁན་གྱི་ཅོལ་ཆུང་ཧ་ཅང་མང་པོ་ཡོད་ཀྱང་། ཁོང་ནི་རང་ཉིད་ཀྱི་རྣམ་དཔྱོད་ལ་བརྟེན་ནས་འཇུག་ལྡོག་བྱེད་པ་ལས། སྤྱི་ཚོགས་ཀྱི་གླེང་ཕྱོགས་ཁོ་ནའི་རྗེས་སུ་མི་འབྲངས་མཁན་ཞིག་ཡིན་པའི་དཔེ་མཚོན་གཅིག་བརྗོད་ན། ཆུ་སྒང་དམག་སྤྱི་འབའ་པ་རྒན་ཡེ་ཤེས་བཙན་བྱོལ་བོད་པའི་སྤྱི་ཚོགས་ནང་ནག་པོ་ནག་རྐྱང་ཞིག་ཏུ་བརྩི་བ་མ་ཟད། ཁོང་དང་ཕ་ཡུལ་གཅིག་པ་མང་པོ་ཞིག་ཀྱང་དེའི་ཤུགས་ཀྱིས་ནག་པོ་རུ་བརྩི་བཞིན་པའི་སྐབས། སྐུ་ངོ་བློ་བཟང་སྦྱིན་པ་ལགས་ཀྱིས་བལ་ཡུལ་དོན་གཅོད་ཀྱི་ཐུགས་འགན་བཞེས་པའི་གོ་སྐབས་དང་བསྟུན། འབའ་པ་རྒན་ཡེ་ཤེས་དང་ཐུག་འཕྲད་གནང་ཞིང་། ཁོང་རྣམ་པའི་བསམ་ཚུལ་ལ་གསན་འཇོག་དང་། གནས་སྟངས་ལ་རྒྱུས་ལོན་བྱས་ནས་མཐར་འབའ་པ་རྒན་ཡེ་ཤེས་ལ་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་མཇལ་ཁ་ཐོབ་པ་དང་། འབའ་པ་རྒན་ཡེ་ཤེས་ཀྱི་གཞིས་ཆགས་ཀྱང་བོད་པ་སྤྱི་མཚུངས་བཞིན་བོད་གཞུང་གི་ཁྱབ་ཁོངས་འོག་བདེ་སྡུག་གི་གནས་སྟངས་གཅིག་པ་ཆགས་ནས། ཧ་ཅང་རྩོད་རྙོག་ཆེ་བའི་གནད་དོན་ཞིག་གཙང་སེལ་བྱུང་ཐུབ་པ་དེ་ཉིད་གཙོ་བོ་ཁོང་གི་དགོངས་པ་བཞེས་སྟངས་ལ་བརྟེན་ནས་བྱུང་བའི་བྱས་རྗེས་རླབས་ཆེན་ཞིག་ཏུ་གྱུར་ཡོད།

ལོ་འདིར་སྐུ་ངོ་བློ་བཟང་སྦྱིན་པ་ལགས་སྤྱི་རྒྱུ་སྒེར་བདག་བྱེད་མཁན་དབུས་གཙང་སྤྱི་འཐུས་ཟླ་བ་ཚེ་རིང་ལ་གཟེངས་རྟགས་སྤྲོད་པའི་མཛད་སྒོ་དེར་ཕེབས་པར་སྐྱོན་བརྗོད་བྱེད་མཁན་ཡོད་ནའང་། ཁོང་གིས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཙོ་གནང་བའི་སྐབས་ནས་ཟླ་བ་ཚེ་རིང་དང་ཁོང་གཉིས་གྲོགས་པོ་ཡིན་སྟབས། ཟླ་བ་ཚེ་རིང་ལ་སྤྱི་རྒྱུ་སྒེར་བདག་བྱེད་མཁན་ཡིན་པ་བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་དང་། ས་གནས་རྒྱ་གར་ཀང་ར་རྫོང་གི་ཁྲིམས་ཁང་གཉིས་ཀས་ཁྲིམས་ཐོག་ནས་ཐག་གཅོད་གནང་ནས་མིང་ཆད་ཕོག་ཡོད་ནའང་འདྲ། དབུས་གཙང་སྤྱི་འཐུས་དང་དྷ་རམ་ས་ལ་ནས་དཔལ་འབྱོར་ཕྱུག་ཤོས་ཀྱི་མཚན་མཐོང་ཡོད་ནའང་འདྲ། གང་ལྟར་གྲོགས་པོ་ཞེས་པ་དེ་ཕ་རོལ་པོར་ལམ་འགྲོ་རྒྱུག་མིན་དང་། མཚན་སྙན་ཡོད་མིན་ལ་འབྲེལ་བ་གང་ཡང་མེད་པར་རང་ཉིད་ཀྱི་གྲོགས་འདྲིས་དང་མཛའ་མཐུན་གྱི་འབྲེལ་བ་ཁོ་ན་གཙོ་བོར་འཛིན་པ་ནི། ངང་བཟང་ཕྱི་ཐག་རིང་བའི་མི་གཤིས་བཟང་པོ་ལ་བརྟེན་ནས་བྱུང་བ་ཞིག་རེད། དཔེར་ན་མཁས་དབང་དགེ་འདུན་ཆོས་འཕེལ་གྱིས་“འབྱོར་ཚེ་ཉེ་བའི་དྲུང་ན་ཁུད་ཁུད་དུ་འགྲོ་ཞིང་།། རྒུད་ཚེ་རིང་བའི་ས་ནས་མཛུབ་ཀེར་གྱིས་འཕྱ་བ།། དྲིན་བྱས་དྲིན་དུ་མི་གོ་གྲོགས་ངན་གྱི་གཤིས་ལ།། བསམ་ཞིང་ངུ་མ་དགོད་ཀྱི་སྣང་བ་ཞིག་ཤར་སོང་།།”ཞེས་གསུངས་པ་བཞིན་དེང་སྐབས་བོད་མི་ཕལ་མོ་ཆེའི་བསམ་བློ་གཏོང་སྟངས་ལྟར་མ་ཡིན་པར། རང་ཉིད་ཀྱི་གྲོགས་པོ་ལ་གནས་བབས་ཡག་སྡུག་ག་འདྲ་ཞིག་བྱུང་ཡང་། དུས་རྒྱུན་གྲོགས་པོ་ཡིན་པའི་ལྟ་ཚུལ་དེ་མི་འདོར་མཁན་གྱི་ཕོ་ཁྱོ་ཀ་ཞིག་ཡིན་པ་དེ་གསལ་པོར་གྱུར་པ་རེད།

དེ་བཞིན་ང་རང་སྒེར་ལ་མཚོན་ནའང་། བོད་ནས་གསར་དུ་འབྱོར་བ་ཞིག་ཡིན་པའི་ཆ་ནས་སྔོན་མ་དྷ་རམ་ས་ལའི་སྐུ་ངོ་དག་གི་དྲུང་དུ་བཅར་སྐབས་སྐད་ཆ་བཤད་སྟངས་མི་ཤེས་པ་དང་། ལྷག་པར་དུ་ཁོང་ཚོ་ལ་དགོས་པའི་གུས་ཞབས་དང་ཞེ་ས་མི་ཤེས་པས། དེང་སྐབས་ང་དང་ང་ལྟ་བུ་ལ་གཏན་ནས་མི་འབྱོར་བཞིན་དུ་“སྐུ་ངོ་” “སྐུ་ངོ་”ཞེས་བརྗོད་ནས་མགོ་བོ་གུག་གུག་བྱེད་མཁན་དག་གི་ནང་དུའང་ཚད་ལས་བརྒལ་བའི་མཐོང་ཆུང་བྱེད་མྱོང་མཁན་ཡང་ཡོད་མོད། སྐུ་ངོ་བློ་བཟང་སྦྱིན་པ་ལགས་ནི་དེ་དག་དང་མི་འདྲ་བར་སྐད་ཆ་བཤད་སྟངས་མཁས་མིན་དང་། གྱོན་ཆས་གྱོན་སྟངས་ཡག་སྡུག་ལ་མི་གཟིགས་པར་བསམ་བློ་གཏོང་སྟངས་དང་། དམིགས་ཡུལ་གང་ཡོད་ལ་དགོངས་པ་བཞེས་ནས་རོགས་སྐྱོར་དང་ལམ་སྟོན་ཧ་ཅང་མང་པོ་གནང་མྱོང་བས། ཁོང་ནི་དོན་དངོས་ལ་གཟིགས་པ་ལས་མཁས་སྙན་འདྲ་ཆགས་ཙམ་ལ་གཟིགས་ནས་མཐོ་དགའ་དམན་སྡང་བྱེད་མཁན་ཞིག་གཏན་ནས་མིན་པ་དེ། ང་དྷ་སར་མི་ལོ་༢༠ ཙམ་བསྡད་པའི་རིང་ཁོང་ལ་འབྲེལ་འདྲིས་མང་པོ་བྱུང་ཞིང་། རྒྱུས་མངའ་ཡོད་པའི་ཐོག་ནས་ཡིད་ཆེས་བརྟན་པོ་དང་དགའ་མོས་ཆེན་པོ་ཡོད་པ་མ་ཟད། མདོར་ན་ངའི་ལས་དོན་གྱི་ཐོག་ལ་གྲུབ་འབྲས་གང་དང་གང་བྱུང་ཡོད་པ་དེ་དག་ཀྱང་གཙོ་ཆེ་ཤོས་སྐུ་ངོ་ཁོང་གི་མཐུན་འགྱུར་དང་ལམ་སྟོན་ལ་བརྟེན་ནས་བྱུང་ཡོད་ཅེས་བཤད་ཀྱང་མི་ཆོག་པ་གང་ཡང་མེད། དེར་བརྟེན་མི་གཞན་གྱིས་ཁོང་ལ་བསྟོད་པ་གནམ་ལ་མི་ཤོང་བ་བྱས་པའམ། ཡང་ན་ཚད་ལས་བརྒལ་བའི་སྐུར་འདེབས་བྱེད་སྲིད་པའི་དབང་དུ་བཏང་རུང་། ངའི་སེམས་ངོར་ཁོང་ནི་དུས་ནམ་ཡང་ཡ་རབས་བཟང་སྤྱོད་ལྡན་ཞིང་ཉམ་ཆུང་ཚུལ་མཐུན་ཅན། སྒེར་དོན་ལས་སྤྱི་དོན་གཙོ་བོར་འཛིན་མཁན་གྱི་མི་སྣ་རླབས་ཆེན་ཞིག་ཡིན་པའི་ངོས་འཛིན་བྱེད་བཞིན་ཡོད།

དེ་བཞིན་ཁོང་གིས་བོད་རྒྱལ་ཁབ་དང་བོད་མི་རིགས་ཀྱི་གནས་བབས་ཉག་ཕྲ་བའི་སྐབས་འདིར་བཟའ་ཟླ་བུ་ཕྲུག་ལ་གཟིགས་རྟོགས་གནང་རྒྱུ་བློས་བཏང་གནང་སྟེ་སའི་གོ་ལའི་ཤར་ནུབ་ཏུ་ཁ་བྲལ་ནས་མི་ལོ་ཉི་ཤུ་ལྷག་བཞུགས་ཤིང་། མི་ཚེ་གང་ལ་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་དང་། བོད་མི་རིགས་ལ་ཞབས་ཞུ་བཟང་མཐར་འཁྱོལ་བ་ཞིག་གནང་ཡོད་པས། ཁོང་དང་ཁོང་ལྟ་བུའི་བོད་མི་བྱས་པ་ཅན་དག་ལ་ངོས་འཛིན་གསལ་པོ་ཞིག་དགོས་པ་དེ་གལ་ཆེན་པོར་བརྩི་བཞིན་ཡོད། བོད་སྤྱི་མཐུན་གྱི་བསོད་ནམས་དམན་པའི་དབང་གིས་སམ། དྷ་རམ་ས་ལའི་དམིགས་བསལ་གྱི་གནས་སྟངས་ཤིག་ཡིན། ཡང་ན་བཙན་བྱོལ་བོད་མིའི་བཟང་སྤྱོད་དང་སྤུས་ཀ་ཞན་པའི་དབང་གིས་ཡིན་བརྗོད་དཀའ་ཡང་། མི་ཚེ་གང་ལ་བོད་སྤྱི་པའི་དོན་དུ་ལས་ཀ་བྱས་ཀྱང་ལས་འཁྱུར་ངལ་གསོ་གནང་རྗེས་མ་འགྲིག་རབས་དང་། མ་བྱས་རབས། སྡུག་རབས་ངན་རབས་འབའ་ཞིག་བཤད་རྒྱུ་མེད་ས་ཞིག་ཕལ་ཆེར་མེད་པ་ལྟ་བུ་དེ་སྤྱི་ཡོངས་ཀྱི་ཆ་ནས་ཡིད་སྐྱོ་དགོས་པ་ཞིག་རེད།

ད་ལན་ངས་རང་ཉིད་ཀྱི་སེམས་ནང་དུ་ཡོད་པའི་སྐུ་ངོ་བློ་བཟང་སྦྱིན་པ་དེ་ག་འདྲ་ཞིག་ཡིན་མིན་ཐད་ཀར་བྲིས་པ་ལས། བཟང་རབས་ཡག་རབས་ཁོ་ནས་ངོ་བསྟོད་བྱ་རྒྱུའི་ཀུན་སློང་ཞིག་གིས་བསམ་ཚུལ་འདི་བྲིས་པ་ཞིག་གཏན་ནས་མིན། འོན་ཀྱང་བོད་པའི་སྤྱི་ཚོགས་དང་། ལྷག་པར་དྲ་ཐོག་ཏུ་ཉུལ་མཁན་དག་གིས་འདི་ལ་བརྟེན་ནས་བསམ་ཚུལ་རིང་ཐུང་འདྲ་མིན་སྣ་ཚོགས་ཤིག་བརྗོད་ངེས་ཀྱང་། དེ་ལ་བཟང་ངན་གྱི་བསམ་ཚུལ་གང་ཡང་བརྗོད་འདོད་མེད་པར་བཏང་སྙོམས་སུ་འཇོག་རྒྱུ་ཡིན། འོན་ཀྱང་བློ་ཕམ་པ་ཞིག་ལ་ཉེ་ཆར་ཁོང་བགྲེས་ཡོལ་དུ་ཕེབས་ཏེ་དྷ་ས་ནས་ཕེབས་ཐོན་གནང་སྐབས་གྲོས་ཚོགས་འཚོགས་བཞིན་པའི་ལས་བྲེལ་ལ་བརྟེན། ཁོང་ཕེབས་སྐྱེལ་ཞུ་རྒྱུའི་གོ་སྐབས་ཀྱང་མ་བྱུང་བར་སྙིང་ནས་དགོངས་སེལ་ཞུ་རྒྱུ་དང་། མཐའ་དོན་སྐུ་ངོ་ཁོང་སྐུ་ཚེ་བརྟན་པ་དང་བསམ་དོན་ཆོས་བཞིན་འགྲུབ་པའི་སྨོན་འདུན་དང་བཅས།

གསེར་རྟ་ཚུལ་ཁྲིམས་ཀྱིས་སེམས་ལ་གང་དྲན་པ་དེ་བཟོ་བཅོས་གང་ཡང་མ་བྱས་པར་ཐད་ཀར་བྲིས་པའོ།།

Print Friendly, PDF & Email
Share on Facebook0Tweet about this on TwitterShare on Google+0Share on LinkedIn0Email this to someone
0 commentsViews: 264

Leave a Reply