ངོ་དེབ་ཀྱིས་རྒྱ་ནག་དམར་ཤོག་ཚོགས་པར་སྐྱོན་བརྗོད་བྱེད་མཁན་ཞིག་བཀག་སྡོམ་བྱས་འདུག

རྒྱ་ནག་དམར་ཤོག་གཞུང་དང་དེའི་མཐོ་རིམ་དཔོན་རིགས་ཚོར་ཉེས་འཛུགས་བྱེད་མཁན། རྒྱ་རིགས་ཐེར་འབུམ་བདག་པོ་གྷའོ་ཝེན་གུ་ངོ་དེབ་ཚོང་ལས་ཁང་གིས་ངོ་དེབ་ཐོག་ཏུ་བཀག་སྡོམ་བྱས་འདུག

ཟླ་༡༠ པའི་ཚེས་༢ ཉིན་རྒྱལ་སྤྱིའི་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་གསལ། ངོ་དེབ་བརྒྱུད་ནས་རྒྱ་ནག་དམར་ཤོག་གཞུང་དང་དེའི་མཐོ་རིམ་དཔོན་རིགས་ཁག་ཅིག་གི་ལྐོག་ཟ་རུལ་སུངས་དང་བྱེད་ལས་ངན་པ་གཞན་ཉེས་འཛུགས་བྱེད་མཁན། རྒྱ་རིགས་ཐེར་འབུམ་བདག་པོ་གྷའོ་ཝེན་གུ་ཡི་མིང་ཐོག་ཡོད་པའི་ངེ་དེབ་དང་། ཁོང་དང་འབྲེལ་བ་ཡོད་པའི་ངོ་དེབ་ཀྱི་ཟིན་བྲིས་གཞན་ཞིག་བཀག་སྡོམ་གྱིས་ཕྱིར་འཐེན་བྱས་ཡོད་འདུག

སྤྱི་ཚོགས་འབྲེལ་མཐུད་དྲ་ལམ་ཆེ་ཤོས་ངོ་དེབ་ཀྱིས། གྷའོ་ཝེན་གུ་དང་འབྲེལ་བའི་ངོ་དེབ་དེ་གཉིས་ཐོག མི་གཞན་ཞིག་ངོས་འཛིན་ཐུབ་པའི་སྒེར་གྱི་གནས་ཚུལ་སྤེལ་ཡོད་པས། དེ་ནི་ངོ་དེབ་ཀྱི་ཁྲིམས་སྒྲིག་དང་འགལ་གྱི་ཡོད་སྐོར་བརྗོད་འདུག

ངོ་དེབ་ཀྱི་མགྲིན་ཚབ་པ་ལྕམ་ཅར་ལིན་ཅེན་གྱིས་བརྗོད་དོན་ལྟར་ན། ངོ་དེབ་ལ་ཞུ་གཏུག་ཅིག་འབྱོར་རྗེས། གྷའོ་ཝན་གུ་དང་འབྲེལ་བའི་ངོ་དེབ་དེ་གཉིས་ལ་བརྟག་དཔྱད་བྱས་ཡོད་འདུག་པ་དང་། མོས་ “ང་ཚོས་མི་རྣམས་ཀྱིས་ངོ་དེབ་ཐོག་ཏུ་གནས་ཚུལ་ཁྱབ་སྤེལ་དང་འབྲེལ་ལམ་རང་དབང་ཐོག་བྱེད་རྒྱུར་རྒྱབ་སྐྱོར་ཡོད་དེ། ཁོ་ཚོར་བདེ་འཇགས་ཀྱང་ཚོར་ཐུབ་དགོས་ཀྱི་ཡོད་པས། མི་ཚོས་གཞན་གྱི་ཆོག་མཆན་མེད་པར། གཞན་གྱི་གནས་ཚུལ་ཁྱབ་སྤེལ་བྱེད་དུ་འཇུག་གི་མེད་”ཅེས་བརྗོད་འདུག་ཀྱང་། ངོ་དེབ་ལ་ཞུ་གཏུག་བྱེད་མཁན་མི་དེ་སུ་ཡིན་མིན་གསལ་སྟོན་བྱེད་རྒྱུར་མོས་མཐུན་བྱས་མི་འདུག

གྷའོ་ཝེན་གུ་ཡིས་སྤྱི་ཚོགས་དྲ་ལམ་ཊུ་ཝེ་ཊེར་ཐོག་ཏུ། རྒྱལ་སྤྱིའི་བརྒྱུད་ལམ་ནིའུ་ཡོག་དུས་བབ་ཐོག་ཏུ་འཁོད་པའི་ཁོང་དང་འབྲེལ་བའི་གནས་ཚུལ་དེའི་དྲ་ཐག་ཁྱབ་སྤེལ་བྱས་ཡོད་འདུག་པ་དང་། ཁོས་རྒྱ་ནག་གཞུང་གི་གནོན་ཤུགས་ལ་ཉེས་འཛུགས་བྱས་པ་ལས། དེ་མིན་གསལ་བཤད་རྒྱས་པ་གང་ཡང་བྱས་མེད་པ་རེད་འདུག

དེ་སྔོན་ཟླ་༩ པའི་ནང་གྷའོ་ཝེན་གུ་ཡི་ཁྲིམས་རྩོད་པས། གྷའོ་ཡིས་རྒྱ་ནག་དམར་ཤོག་ཚོགས་པའི་མཐོ་རིམ་འགོ་ཁྲིད་རྣམས་ཀྱིས་ལྐོག་ཟ་རུལ་སུངས་བྱས་པའི་ཉེས་འཛུགས་བྱས་ཡོད་པས། རང་ཉིད་རྒྱ་ནག་དམར་ཤོག་གཞུང་གི་ཆབ་སྲིད་ཀྱི་ཁ་གཏད་བརྩི་བཞིན་ཡོད་པ་དང་། ཁོས་རྒྱ་ནག་གཞུང་གི་གསང་བ་མང་པོ་ཞིག་རྒྱ་ཁྱབ་བཟོས་པའི་རྐྱེན་གྱིས། འཁོན་ལན་སློག་སྲིད་པར་ཞེད་སྣང་བྱེད་ཀྱི་ཡོད་པས། ཨ་རིར་ཆབ་སྲིད་ཀྱི་སྐྱབས་བཅོལ་ཞུས་ཡོད་སྐོར་བརྗོད་འདུག

གྷའོ་ཝེན་གུ་ཕྱི་ལོ་༢༠༡༤ ལོར་རྒྱ་ནག་ནས་ཐོན་ཡོད་འདུག་པ་དང་། རྗེས་སུ་སྤྱི་ཚོགས་བརྒྱུད་ལམ་ཁག་ཏུ་འཕྲིན་ཐུང་དང་བརྙན་ཐུང་མང་པོ་ཞིག་གི་ཐོག རྒྱ་ནག་གི་མཐོ་རིམ་དཔོན་རིགས་མང་པོ་ཞིག་གིས་ལྐོག་ཟ་རུལ་སུངས་བྱས་སྐོར་བརྗོད་ཡོད་འདུག དེ་བཞིན་ཁོས་རྒྱ་ནག་དམར་ཤོག་གཞུང་གི་གསང་བ་ཡིན་སྐོར་བསྒྲགས་པའི་གནས་ཚུལ་ཕྱིར་བསྒྲགས་བྱས་ཡོད་འདུག

རྒྱ་ནག་གཞུང་གིས་གྷའོ་ལ་བཙན་བཟུང་དང་ཁྲིམས་འགལ་གྱི་དངུལ་གཙང་བཟོ། གཡོ་ཟོལ་སོགས་ཀྱི་ནག་ཉེས་ཉུང་མཐར་༡༩ ལ་རྟོག་ཞིབ་བྱས་སྐོར་བརྗོད་ནས། ཟླ་༤ པའི་ནང་འཛམ་གླིང་ཉེན་རྟོག་མཉམ་ལས་ཁང་ལ་ཁོ་འཛིན་བཟུང་དགོས་པའི་བརྡ་ཁྱབ་བཏང་ཡོད་འདུག

དེ་བཞིན་རྒྱ་ནག་གཞུང་འབྲེལ་བརྒྱུད་ལམ་ཁག་གིས། གྷའོ་ཡིས་རྒྱ་ནག་གཞུང་གི་བདེ་འཇགས་ཀྱི་བློན་ཆེན་གཞོན་ཟུར་མཱ་ཇེན་ལ་ཨ་སྒོར་ས་ཡ་༨.༧ གྱི་ལྐོག་རྔན་སྤྲད་པའི་གནས་ཚུལ་བཏོན་ཡོད་འདུག་པ་དང་། མཱ་ཇེན་ཡང་འཛིན་བཟུང་གིས་ལྐོག་ཟ་རུལ་སུངས་ཀྱི་ཉེས་འཛུགས་བྱས་ཡོད་པ་རེད་འདུག

གྷའོ་ཝེན་གུ་ཡིས་ཉེས་འཛུགས་དེ་དག་ཚང་མར་ངོས་ལེན་བྱས་མེད་ཁར། ཁོང་འཛིན་བཟུང་དགོས་པའི་བརྡ་ཁྱབ་དེར་ཆབ་སྲིད་ཀྱི་ཀུན་སློང་ཡོད་པ་རེད་ཅེས་བརྗོད་འདུག ཁོང་གི་ཨ་རིིའི་ནང་ཡུལ་སྐོར་སྤྲོ་འཆམ་པའི་ཐོངས་མཆན་དེ་ལོ་འདིའི་ལོ་མཇུག་ཏུ་དུས་ཡུན་རྫོགས་ཀྱི་ཡོད་འདུག་པ་དང་། ཆབ་སྲིད་ཀྱི་སྐྱབས་བཅོལ་ཞུས་པར་བརྟེན་ཨ་རིའི་གཞུང་གིས་ཐག་གཅོད་མ་བྱས་བར་དུ་ཨ་རིར་སྡོད་ཆོག་གི་ཡོད་སྐོར་ཁོང་གི་ཁྲིམས་རྩོད་པས་བརྗོད་འདུག

ཟླ་༤ པའི་ནང་ཁོང་གིས་ཨ་རིའི་རླུང་འཕྲིན་ཁང་གི་རྒྱ་སྐད་སྡེ་ཚན་གྱི་བཅར་འདྲི་ལ། རང་ཉིད་ལ་རྒྱལ་ཁབ་༡༡ གི་ཕྱི་སྐྱོད་ལག་ཁྱེར་ཡོད་སྐོར་བརྗོད་འདུག་ཀྱང་། ཨ་རིའི་ཐོངས་མཆན་གྱི་དུས་ཡུན་རྫོགས་རྗེས། རྒྱལ་ཁབ་གཞན་ལ་འགྲོ་འདོད་མེད་པའི་རྒྱུ་མཚན་གསལ་པོ་མེད་པ་རེད་འདུག །

གསར་འགོད་པ་སྐལ་བཟང་དོན་གྲུབ།

Print Friendly, PDF & Email
Share on Facebook0Tweet about this on TwitterShare on Google+0Share on LinkedIn0Email this to someone
0 commentsViews: 407

Leave a Reply