ངོས་རང་བོད་མི་ཞིག་ཡིན་སྟབས་མ་འཆི་བར་བོད་མི་རིགས་ཀྱི་འགན་ཞིག་ཡོད་གསུངས་འདུག

ཟླ་༧ པའི་ཚེས་༢༥  ཉིན་༧གོང་ས་མཆོག་གིས་ལ་དྭགས་ཞི་བའི་ཚལ་ཕོ་བྲང་གི་ཉེ་འགྲམ་དུ་རྟེན་གཞི་བྱས་པའི་ལ་དྭགས་བོད་ཁྱིམ་དུ་བསོད་ནམས་གླིང་བོད་མིའི་གཞིས་ཆགས་ཀྱི་བོད་མི་དང་། བོད་ཁྱིམ་གྱི་དགེ་ལས་སློབ་ཕྲུག་རྣམས་ལ་བླང་དོར་བཀའ་སློབ་བསྩལ་འདུག སྐབས་དེར་སློབ་གྲྭའི་འགན་འཛིན་འཆི་མེད་ལྷུན་གྲུབ་ཀྱིས་ལ་དྭགས་བོད་ཁྱིམ་སློབ་གྲྭ་ཐོག་མར་ཕྱི་ལོ་༡༩༧༥ ལོར་གསར་འཛུགས་གནང་བ་དང་།   ད་ལྟའི་འཆར་སློབ་ཕྲུག་གྲངས་ ༡༦༥༣ དང་དགེ་ལས་གྲངས་༢༤༦ ཡོད་སྐོར་སོགས་སྙན་སྒྲོན་ཞུས་རྗེས། སློབ་ཕྲུག་ཁག་གཅག་གིས་རིགས་ལམ་བགྲོ་གླེང་གི་རྟགས་གསལ་སྤྱན་བསྟར་ཞུས་ཡོད་འདུག

dalailama.com

ལ་དྭགས་སྤྱི་པས་དེ་སྔ་བཙན་བྱོལ་དུ་འབྱོར་མཚམས་ལ་དྭགས་ཁུལ་དུ་བོད་མི་འབྲོག་པ་མི་གྲངས་ ༥༠༠ ཙམ་ཡོད་པ་དང་།  དེ་རྗེས་ཕྱི་ལོ་༡༩༧༠  སྐབས་བོད་ནས་བོད་མི་བཙན་བྱོལ་བ་༤༠༠༠ འབྱོར་བར་བརྟེན་ད་ལྟའི་འཆར་བོད་མི་གྲངས་༧༠༠༠ ཡོད་སྐོར་སོགས་ལས་བསྡོམས་སྙན་སྒྲོན་ཞུས་ཡོད་པ་རེད།
༸གོང་ས་མཆོག་གིས་ལ་དྭགས་ས་གནས་རྫོང་དཔོན་སོགས་ལ་ལེགས་སྐྱེས་ཕྱག་རྟགས་གསོལ་བསྩལ་མཛད་དེ་བཀའ་སློབ་གནང་སྐབས། ཁོང་གིས་“ཁྱེད་རང་ཚོ་ལ་དྭགས་བོད་མི་བཙན་བྱོལ་བ་རྣམས་འདིར་འབྱོར་ནས་ལོ་ ༥༠ ཙམ་འགྲོ་བཞིན་ཡོད་དང་།  མི་རབས་བརྗེ་བཞིན་ཡོད། འོན་ཀྱང་བོད་མི་རིགས་ཀྱི་ལ་རྒྱ་མི་ཉམས་པར་མུ་མཐུད་གནས་བཞིན་ཡོད་པས།  དེ་རིང་འདིར་སྐུ་མགྲོན་རྣམ་པ་ཚོ་དང་ཁྱེད་རང་ཚོ་ཚང་མ་ཐུག་རྒྱུ་བྱུང་བ་ཧ་ཅང་དགའ་པོ་བྱུང་། གཞིས་བཞུགས་བོད་མི་ས་ཡ་དྲུག་ལ་གཏམ་བརྗོད་ཀྱི་རང་དབང་མེད་སྟབས། ང་ཚོ་རང་དབང་ལུང་པའི་ནང་ཡོད་པའི་བོད་མི་ཚོས་གཞིས་ལུས་བོད་མི་ས་ཡ་དྲུག་གི་ཚབ་བྱས་ནས་སྐད་ཆ་བཤད་ཐུབ་པ་བྱེད་དགོས།  ངོས་ཀྱིས་རྒྱ་ནག་མི་མང་ཚོར་སྐྱོན་བརྗོད་བྱ་རྒྱུ་གང་ཡང་མེད། སྔ་མོ་དུས་རབས་༧ པ་ཆོས་རྒྱལ་སྲོང་བཙན་སྒམ་པོའི་སྐུ་དུས་ནས་རྒྱ་དང་བོད་གཉིས་དབར་མཛའ་འབྲེལ་དམ་ཟབ་ཡོད།  རྒྱ་ནག་ལ་མཚོན་ན་བོད་དུ་དཔལ་ན་ལེནྡྲ་ནས་བརྒྱུད་པའི་ནང་ཆོས་མ་དར་གོང་ནས་རྒྱ་ནག་ཏུ་ནང་ཆོས་དར་ཁྱབ་བྱུང་ཡོད།  ད་ལྟ་ང་ཚོར་དཀའ་ངལ་འཕྲད་བཞིན་པར་བརྟེན་རྒྱ་ནག་མི་མང་ཚོར་ང་ཚོས་སྡང་ཟུག་བྱེད་དགོས་པ་གང་ཡང་མེད།  འོན་ཀྱང་རྒྱ་ནག་འགོ་ཁྲིད་ཁྲོད་ཁག་གཅིག་བསམ་བློ་གུ་དོག་ཅན་རེད་འདུག  ལོ་རྒྱུས་ཐོག་ནས་རྒྱ་བོད་ཧོར་གསུམ་ཞེས་རྒྱལ་ཁབ་སོ་སོ་ཟུར་དུ་ཡོད།  འོན་ཀྱང་ད་ཆ་རྒྱ་ནག་འགོ་ཁྲིད་གུ་དོག་ཅན་ཚོས་ཞི་བའི་བཅིངས་གྲོལ་ཟེར་ནས་བོད་ལ་དབང་སྒྱུར་བྱས་ཡོད།  རྒྱ་ནག་གཞུང་གིས་ཕྱི་ལོ་༡༩༥༡ ལོར་བོད་རང་སྐྱོང་ལྗོངས་ཟེར་བ་གསར་བཟོ་བྱས་པའི་ས་ཁུལ་གྱི་ཁྱབ་ཚད་ནི། དེ་སྔ་བོད་གཞུང་དགའ་ལྡན་ཕོ་བྲང་གི་ཁྱབ་ཁོངས་སུ་གཏོགས་པའི་བོད་ཀྱི་ས་ཁུལ་ཙམ་མ་གཏོགས་ཚུད་མེད། རྒྱ་ནག་གཞུང་གིས་ཐབས་ལམ་འདྲ་མིན་སྣ་ཚོགས་འོག་བོད་མིའི་ཐུན་མིན་ངོ་བོ་རྩ་མེད་བཟོ་ཐབས་བྱེད་བཞིན་ཡོད།  བོད་མིའི་ལུས་པོར་དབང་སྒྱུར་བྱས་ཐུབ་ཡོད་ཀྱང་། བོད་མིའི་བསམ་བློའི་རང་དབང་ལ་རྒྱ་ནག་གཞུང་གིས་དབང་སྒྱུར་བྱེད་ཐུབ་ཀྱི་མ་རེད།  མི་མང་ལ་དབང་ཡོད་བཤད་ནས་ཁ་ལ་ཉན་པོ་ཞིག་ཇི་ལྟར་བཟོ་ཐུབ།  རྒྱ་ནག་གཞུང་གི་དབང་སྒྱུར་ལ་འཐབ་རྩོད་ཁྲོད་བོད་མི་བརྒྱ་ཕྲག་སྟོང་ཕྲག་མང་པོའི་ཚེ་སྲོག་ཤོར་ཡོད།  དེ་ལྟ་བུའི་དཀའ་སྡུག་མྱོང་བཞིན་པའི་དུས་སྐབས་འདིར་གཞིས་ལུས་བོད་མི་ཚོའི་ཐོབ་ཐང་དང་རང་དབང་ཆེད་དུ་སྐད་ཆ་བཤད་དགོས་པ་དེ་ང་ཚོའི་འགན་རེད།  ང་ཚོས་ཤེས་ཡོན་རྐྱང་པའི་ཐོག་ནས་འགྱུར་བ་གཏོང་ཐབས་བྱེད་དགོས་པ་མ་གཏོགས་དྲག་པོའི་ཐབས་ལམ་ཐོག་རྩ་བ་ནས་འཇུག་མི་རུང་”ཞེས་གསུངས་འདུག
༧གོང་ས་མཆོག་གིས་མུ་མཐུད་ནས་བོད་ཀྱི་སྐད་ཡིག་གི་གལ་གནད་སྐོར་ལ་“བོད་མི་རིགས་རྡོག་རྩ་གཅིག་ཏུ་སྒྲིལ་མཁན་གྱི་ནུས་པ་གཙོ་བོ་གཅིག་ནི། ང་ཚོ་བོད་མི་ཚང་མར་གཅིག་གྱུར་དུ་ཁྱབ་པའི་བོད་ཀྱི་སྐད་ཡིག་དང་། སྐད་ཡིག་དེར་གཞི་རྩར་གྱུར་བའི་བོད་མིའི་ཐུན་མིན་ཆོས་དང་རིག་གཞུང་དེ་དག་ཆགས་ཡོད།  རྒྱལ་བའི་གསུང་རབས་མཐའ་དག་གི་དགོངས་དོན་བཀའ་འགྱུར་བསྟན་འགྱུར་དེ་དག་བོད་ཀྱི་སྐད་ཡིག་ནང་ཡོད། ང་ཚོས་ལེགས་སྦྱར་དང་སྐད་རིག་གཞན་གང་ལའང་ལྟ་མི་དགོས་པར་བོད་སྐད་རང་གི་ཐོག་ཀློག་ཐུབ་”ཅེས་གསུངས་འདུག

dalailama.com

༧གོང་ས་མཆོ་གིས་དབུ་མའི་ལམ་སྲིད་ཇུས་སྐོར་གསུང་དོན། “རྒྱ་ནག་ནང་འགྱུར་བ་ཏན་ཏན་འགྲོ་རྒྱུ་རེད།  འདས་པའི་ལོ་ངོ་༢༠ ནང་རྒྱ་ནག་གུང་ཁྲན་རིང་ལུགས་ལའང་འགྱུར་བ་ཧ་ཅང་ཕྱིན་ཡོད།  ང་ཚོར་བདེན་པ་ཡོད་སྟབས་རྒྱལ་ཁ་ཐོབ་ངེས་ཡིན།   བོད་མི་ཞིག་ཡིན་བསམས་ནས་བློ་ཞུམ་དགོས་པ་རྩ་བ་ནས་མེད།  ང་ཚོ་བཙན་བྱོལ་དུ་འབྱོར་མཚམས་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ལ་ཞུ་གཏུག་བྱས་པ་རེད།  སྐབས་དེར་པཎྜི་ཏ་ནེ་རུ་མཆོག་གིས་ང་ཚོས་རྒྱ་ནག་གཞུང་དང་ཐད་ཀར་སྐད་ཆ་བཤད་ན་ཡག་གི་རེད་ཅེས་ལམ་སྟོན་གནང་བྱུང་།  ནེ་རུས་སྐབས་དེར་ཨ་རི་དང་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་བོད་དོན་ཆེད་རྒྱ་ནག་དང་དམག་བརྒྱག་གི་མ་རེད་ཅེས་གསུངས་བྱུང་། དེ་ནས་རིམ་བཞིན་ཕྱི་ལོ་༡༩༧༤ ལོར་ང་ཚོས་བོད་རང་བཙན་མ་རྩོད་པར། བོད་མི་རྣམས་ལ་ཟུར་གསལ་མི་རིགས་ཀྱི་རྣམ་པ་དང་། སྐད་ཡིག་ཐ་དད་ཡོད་སྟབས་རྒྱ་ནག་གཞུང་གི་རྩ་ཁྲིམས་ནང་རང་སྐྱོང་གི་གནས་བབ་རྩོད་རྒྱུའི་ཐོབ་ཐང་དེ་དག་རྩོད་ཆེད་འབད་བརྩོན་བྱས་པ་རེད། བོད་མི་ཚོར་སྐད་ཡིག་དང་རིག་གཞུང་ཐ་དད་ཡོད་པའི་རྒྱུ་མཚན་དུ་བྱས་ནས། ང་ཚོས་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་དང་ཁ་བྲལ་བྱེད་དགོས་པ་མེད།  དེར་བརྟེན་ང་ཚོས་དབུ་མའི་ལམ་གྱི་སྲིད་ཇུས་གཏན་འབེབས་བྱས་པ་རེད།  རྒྱ་རིགས་ཤེས་ཡོན་ཅན་མང་པོས་དེར་རྒྱབ་སྐྱོར་གནང་བཞིན་ཡོད། དཔེར་ན་ཉེ་ལམ་འདས་གྲོངས་སུ་གྱུར་བ་རྒྱ་རིགས་སྐུ་ཞབས་ལིའུ་ཞའོ་པོ་དམ་པ་ཁོང་གིས་ཀྱང་དབུ་མའི་ལམ་གྱི་ལངས་ཕྱོགས་དེར་རྒྱབ་སྐྱོར་གནང་ཡོད།  ལྷག་པར་ཕྱི་ལོ་༢༠༠༨ ལོར་བོད་ནང་ས་བྱི་ཞི་རྒོལ་ཆེན་མོ་བྱུང་རྗེས། རྒྱ་རིགས་ཤེས་ཡོན་ཅན་ཁག་གཅིག་གིས་སྤེལ་བའི་རྩོམ་ཡིག་ནང་། བོད་མིའི་ཐོག་རྒྱ་ནག་གཞུང་གིས་དྲག་གནོན་ལག་བསྟར་བྱས་པ་དེར་སྐྱོན་བརྗོད་ཤུགས་ཆེ་བྱས་པ་མ་ཟད།  བོད་ཀྱི་གནད་དོན་སེལ་རྒྱུའི་ཐབས་ལམ་བཟང་ཤོས་དེ་དབུ་མའི་ལམ་གྱི་སྲིད་ཇུས་ཡིན་སྐོར་གསུངས་ཡོད་”ཅེས་གསུངས་འདུག

༧གོང་ས་མཆོག་གིས་མུ་མཐུད་བཀའ་སློབ་གནང་དོན། “ངོས་ལ་མཚོན་ན་ཕྱི་ལོ་༢༠༡༡ ལོ་ནས་བཟུང་བོད་མིའི་ཆབ་སྲིད་ཀྱི་འགན་དབང་ནས་བགྲེས་ཡོལ་ཆ་ཚང་ཞུས་ཏེ། དགའ་ཞིང་སྤྲོ་ཞིང་སྤོབས་པ་དང་བཅས་ཆབ་སྲིད་ཀྱི་དབང་ཆ་ཡོངས་རྫོགས་མང་གཙོའི་ལམ་ནས་འོས་འདེམས་བྱུང་བའི་སྲིད་སྐྱོང་ལ་རྩིས་སྤྲོད་ཟིན་པ་ཡིན།  འོན་ཀྱང་ངོས་རང་བོད་མི་ཞིག་ཡིན་སྟབས་མ་འཆི་བར་བོད་མི་རིགས་ཀྱི་འགན་ཞིག་ཡོད། ཆབ་སྲིད་ཀྱི་ཐོག་ལ་ད་ཆ་ངོས་ཀྱིས་ཐེ་ཇུས་གང་ཡང་མེད།  སྲིད་སྐྱོང་གིས་གནང་རྒྱུ་རེད།” ཅེས་བཀའ་སློབ་བསྩལ་འདུག །
གསར་འགོད་པ་སྐལ་བཟང་དོན་གྲུབ།

Print Friendly, PDF & Email
Share on Facebook0Tweet about this on TwitterShare on Google+0Share on LinkedIn0Email this to someone
0 commentsViews: 183

Leave a Reply