ཅན་དྷི་གྷར་དུ་བཙན་བྱོལ་བོད་མི་ནད་པར་ལྟ་སྐྱོང་ཁང་ཞིག་བཙུགས་ཐུབ་ན་ཡག་པོ་འདུག

ཅན་དྷི་གྷར་སྨན་ཁང་དུ་ཨ་ཅག་ཚེ་རིང་སྒྲོལ་དཀར་དང་ལྷག་པ་སྒྲོལ་མ་གཉིས་ཀྱི་རོགས་སྐྱོར་འོག་བོད་པ་སྨན་གཏུག་བྱེད་མཁན་མང་པོ་ཡོད་པས། གནས་ཚུལ་དེའི་སྐོར་ནད་པ་ཁག་ཅིག་ལ་བཅར་འདྲི་བྱས་ཡིན།

༡ སྨན་བཅོས་བྱེད་མཁན་མིག་དམར་ནི་རྡེ་ར་རྡུན་ར་ཇི་པོ་ས་གནས་ནས་ཡིན་པ་དང་། ཁོང་ལ་བཅར་འདྲི་བྱས་པར།

དྲི་བ། ཁྱོད་རང་གི་ན་ཚའི་གནས་སྟངས་དང་ཅན་དྷི་གྷར་དུ་སྨན་བཅོས་བྱེད་སར་ཐེངས་ག་ཚོད་ཡོང་ཡོད་མེད་གསུངས་རོགས།

ལན། ངའི་ན་ཚ་དེ་མཆིན་པའི་སྐྲན་ནད་རེད། གནས་སྟངས་ཛ་དྲག་རེད། འགྲོ་སོང་ཧ་ཅང་ཆེན་པོ་རེད། ༢༠༡༤ ལོ་ནས་ཚེ་རིང་སྒྲོལ་དཀར་དང་ཁོང་གི་གཅུང་མོ་ལྷག་པ་སྒྲོལ་མ་གཉིས་བརྒྱུད་ནས་པི་ཇི་ཨ་ཡི་(PGI)སྨན་ཁང་དུ་སྨན་བཅོས་བྱེད་ཀ་ཐེངས་བཅུ་བཅོ་ལྔ་ཡོང་མྱོང་།

དྲི་བ། རྡེ་ར་རྡུན་ལ་སྨན་བཅོས་ཀྱི་མཐུན་རྐྱེན་ཅན་དྷི་གྷར་ནང་བཞིན་ཡག་པོ་མེད་པ་རེད་དམ།

chandigar1

ཨ་ཅག་ཚེ་རིང་སྒྲོལ་དཀར་གྱིས་ཅན་དྷི་གྷར་དུ་ནད་པ་རྣམས་ལ་སྡོད་གནས་དང་ནད་བཅོས་རོགས་རམ་བྱས་པའི་ཟུར་ཞིག

ལན། རྡེ་ར་རྡུན་དུ་སྨན་ཁང་ཆེན་པོ་ཡོད་རེད། སྨན་བཅོས་ཀྱི་མཐུན་རྐྱེན་ཡག་པོ་ཡོད་ས་རེད། ཡིན་ན་ཡང་། ངའི་ན་ཚ་དེ་མཆིན་པའི་ན་ཚ་ཤུགས་ཆེན་པོ་ཞིག་ཡིན་སྟབས་ན་ཚ་འདིའི་རིགས་དེ་སྨན་བཅོས་བྱེད་ས་འདིར་ཡག་པོ་ཡོད་རེད་ཟེར། དེའི་ཁར་ཨ་ཅག་ཚེ་རིང་སྒྲོལ་དཀར་དང་ཁོང་གི་གཅུང་མོ་ལྷག་པ་སྒྲོལ་མ་གཉིས་ཀྱིས་ཉིན་མཚན་ལྟོས་མེད་དུ་ཕྱོགས་ཡོངས་ནས་རོགས་སྐྱོར་ཆེན་པོ་བྱེད་ཀྱི་ཡོད་པས་འདིར་ཡོང་བ་ཡིན།

དྲི་བ། ཁོང་གཉིས་ཀྱིས་རོགས་སྐྱོར་ག་འདྲ་གནང་གི་འདུག་དེའི་སྐོར་གསུངས་རོགས།

ལན། ད་ང་ལ་མཚོན་ན། འདིར་ཐེངས་མང་པོ་ཡོང་བ་རེད་དེ། སྨན་པ་བསྟེན་གཏུག་དང་། སྐད་བསྒྱུར། སྡོད་ས་དང་ཐབ་ཆས། དེ་བཞིན་ན་ཚ་ཚབས་ཆེན་གྱི་རིགས་ལ་སྨན་པ་གཅིག་ཙམ་ལ་ཆ་འཇོག་མ་བྱས་པར་སྨན་པ་ཚད་ལྡན་མང་པོའི་སར་ཁྲིད་ནས་རྩད་གཅོད་བྱེད་པ། གཞན་ད་དུང་སྨན་ཉོ་སྐབས་དང་སྨན་པ་བསྟེན་སྐབས་གོང་ཆག་ཡང་ཡོང་ཐབས་གནང་བ། དེ་མ་ཟད་སྐད་མི་ཤེས་པའི་དཀའ་ངལ་དང་། སྐད་ཤེས་ཀྱང་ས་རྒྱུས་མེད་པ་དང་ལུས་ཀྱི་དབང་སྟོབས་ཉམས་པའི་ནད་པ་རྣམས་ལ་ཐ་ན་སྡོད་ཁང་ནས་སྨན་ཁང་དང་། སྨན་ཁང་ནས་སྨན་ཁང་གཞན་དུ་འགྲོ་སྐབས་ཀྱང་གླ་འཁོར་གོང་ཆུང་བ་གླ་རྒྱུ་རག་ཐབས་ཚུན་ཆད་ནས། མི་མཐོ་དམན་དྲག་ཞན་ཚང་མར་ཞབས་ཞུ་རང་གི་ཐོག་ནས་ཡོང་སྒོ་སྐར་མ་ལྔ་མེད་པར་རོགས་སྐྱོར་གནང་གི་ཡོད་རེད།

དེའི་ཁར་ཨ་ཅག་ལགས་ཀྱིས་མི་ལོ་ཉི་ཤུ་ལྷག་གི་རིང་ལ་ཞབས་ཞུ་གནང་ཡོད་སྟབས་ན་ཚ་ཅི་འདྲའི་རིགས་ལ་སྨན་པ་སུ་ཡག་ཤོས་ཡིན་མིན་ཤེས་ཀྱི་ཡོད་དུས་སྨན་བཅོས་བྱེད་སྐབས་བློ་བདེ་པོ་ཡོང་གི་འདུག ཁོང་གཉིས་ཀྱིས་རོགས་སྐྱོར་གནང་བ་ཚང་མ་བརྗོད་འདོད་ཀྱང་ཚང་མ་ཧོབ་སྟེ་སྒང་ལ་དྲན་ཡང་ཐུབ་ཀྱི་མི་འདུག གང་ལྟར་རོགས་པ་འདི་ལས་ལྷག་པ་གནང་རྒྱུ་མེད་པ་འདྲ་པོ་རེད།

༢ སྨན་བཅོས་བྱེད་མཁན་ཐུབ་བསྟན་རྒྱ་མཚོ་ནི། ༡༩༨༦ ནས་བཟུང་སེ་ར་དགོན་པ་རུ་སློབ་སྦྱོང་བྱས་ནས་དགེ་བཤེས་ཐོན་རྗེས་༢༠༠༧ ལོ་ནས་ད་བར་དགའ་ལྡན་ཆོས་གླིང་དུ་དཔེ་ཁྲིད་བྱས་དང་བྱེད་བཞིན་པ་ཡོད་པ་རེད། ཁོང་ལ་བཅར་འདྲི་བྱས་པ་ཡིན།

དྲི་བ། དགེ་བཤེས་ལགས་ཀྱི་ན་ཚའི་གནས་སྟངས་དང་ཅན་དྷི་གྷར་དུ་སྨན་བཅོས་བྱེད་ཀ་ཐེངས་ག་ཚོད་ཡོང་ཡོད་མེད་གསུངས་རོགས།

ལན། ང་ལ་མཆིན་པའི་མཉན་ཚད་ཀྱི་ནད་ཡོད་རེད། དང་ཐོག་ནད་ངོས་ཟིན་དུས་ནད་འབུའི་གྲངས་ཀ་ཚད་མཐོན་པོ་ཡོད་ཀྱང་ད་ལྟ་སྨན་མ་ཟོས་ན་ཡང་འགྲིག་གི་འདུག་ཟེར། དྲག་བསྐྱེད་ཆེན་པོ་བྱུང་སོང་། ད་བར་ཐེངས་༨ ལ་ཡོང་ཡིན།

དྲི་བ། དགེ་བཤེས་ལགས་ཀྱིས་སྨན་པ་བསྟེན་གཏུག་བྱེད་སྟངས་དང་། ན་ཚ་དྲག་བསྐྱེད་བྱུང་སྟངས་སྐོར་ལ་གཅིག་གསུངས་རོགས་གནང་།

ལན། དང་པོ་ན་ཚ་དེ་ཡོད་པ་ཤེས་དུས་འབྲེལ་ཡོད་མང་པོ་ཞིག་ལ་ག་རེ་བྱས་ན་ཡག་དྲིས་ཡིན། སྐབས་དེ་དུས་ཅན་དྷི་གྷར་དུ་ཨ་ཅག་ཚེ་རིང་སྒྲོལ་དཀར་ཟེར་བའི་ནད་པར་རོགས་སྐྱོར་བྱེད་མཁན་ཞིག་ཡོད་རེད་ཟེར་གོ་ཐོས་བྱུང་ནས་འདིར་ཡོང་འགོ་བཙུགས་ཡིན། འདིར་ཡོང་རྗེས་ཨ་ཅག་ལགས་ཀྱིས་སྨན་པ་བསྟེན་གཏུག་སོགས་ཀྱི་ཐོག་ལ་རོགས་སྐྱོར་རྒྱ་ཆེན་པོ་གནང་ཁར། ན་ཚ་ག་འདྲ་ཞིག་ལ་སྨན་པ་སུ་ཡག་ཤོས་ཡིན་མིན་ཤེས་ཀྱི་ཡོད་རྐྱེན་སྨན་པ་གང་ཡག་ཡག་སར་ཁྲིད་ནས། གང་ལྟར་སྨན་པ་བསྟེན་གཏུག་གི་ཐོག་ལ་ཨ་ཅག་རང་གིས་རོགས་སྐྱོར་གནང་བ་རེད། སྨན་ཏག་ཏག་ཟོས་པའི་ཁར་ཟས་འཛེམས་ཤུགས་ཆེན་པོ་བྱས་ཡིན། དེ་འདྲ་བྱས་ནས་ད་ལྟ་སྨན་མ་ཟོས་ན་ཡང་འགྲིག་པའི་ཚད་དུ་ན་ཚ་དྲག་བསྐྱེད་བྱུང་སོང་། སྤྱིར་བཏང་འདིར་བོད་པའི་ནད་པ་བཤའ་བཅོས་གཏོང་མཁན་དཔེ་མང་པོ་ཡོང་གི་ཡོད་རེད། རྒྱ་གར་གྱི་སྨན་པ་མང་པོ་ཞིག་ལ་སྙིང་རྗེ་མེད་སྟབས་མཁལ་མ་རྐུ་ལ་ཤོར་བའི་ཉེན་ཁ་ཆེན་པོ་ཡོད་རེད། རེད་དེ་བཤའ་བཅོས་བྱེད་དགོས་རེད་ལབ་དུས་ཨ་ཅག་གིས་སྨན་པ་མང་པོའི་སར་ཁྲིད་ནས་དོ་དོ་ཏན་ཏན་བྱེད་ཀྱི་འདུག དེས་ནད་པ་རྣམས་ཀྱི་མཁལ་མ་རྐུན་ལ་མ་ཤོར་བར་ཕན་ཐོགས་ཧ་ཅང་ཆེན་པོ་ཡོང་གི་ཡོད་རེད་དྲན་གྱི་འདུག

དྲི་བ། ཅན་དྷི་གྷར་དུ་སྨན་བཅོས་བྱེད་པར་དཀའ་ངལ་ག་རེ་ཡོད་མེད་ཀྱི་སྐོར་ལ་གཅིག་གསུངས་རོགས།

ལན། ཅན་དྷི་གྷར་དུ་སྨན་བཅོས་བྱེད་པར་བོད་པའི་ནད་པ་མང་དྲགས་ནས་སྡོད་སའི་དཀའ་ངལ་ཡོད་རེད། མགྲོན་ཁང་གླ་དགོས་ན་གོང་ཆེན་པོ་རེད། སྔོན་མ་དང་པོ་སླེབས་སྐབས་སྡོད་སའི་དཀའ་ངལ་འཕྲད་ནས་སྡོད་ས་རྙིང་པ་ནང་འཚང་ཀ་བརྒྱབ་ནས་ནད་པ་རྣམས་བཞག་ཡོད་རེད། དེར་ནད་པ་རྐྱང་རྐྱང་འཚང་ཀ་ཤུགས་ཆེན་པོ་བརྒྱབ་ཡོང་དུས་རྒྱ་གར་ཁང་བདག་གིས་ན་ཚ་འགོས་དོག་སོགས་ཀྱི་དཀའ་ངལ་ལ་བརྟེན་ནས་ཁང་པ་མུ་མཐུད་ནས་གཡར་ཡོད་མ་རེད། དེ་ནས་ཁང་པའི་དཀའ་ངལ་ཆེན་པོ་འཕྲད་ནས་རྗེས་སུ་ཨ་ཅག་ཚེ་རིང་སྒྲོལ་དཀར་གྱིས་ད་ལྟ་ང་ཚོ་སྡོད་སའི་ཁང་པ་འདི་གླས་པ་རེད། བར་སྐབས་ཤིག་ལ་ང་ཚོ་ནད་པ་མང་པོ་ཞིག་གིས་སྐབས་སྔོན་མའི་འཕྲོད་བསྟེན་བཀའ་བློན་ཚེ་རིང་དབང་ཕྱུག་ལ་ང་ཚོ་ནད་པ་ཚོའི་ཆེད་དུ་རབ་བྱུང་ན་སྡོད་ཁང་ཞིག་རྒྱག་རོགས། དེ་མ་བྱུང་ན་ཁང་པ་གཏན་ཁེལ་བ་ཞིག་གླ་རོགས་ཞུས་པ་ཡིན། ང་ཚོའི་བསམ་པ་ལ་ལྷོ་ཕྱོགས་སོགས་རྒྱ་གར་གྱི་ས་ཆ་ག་ས་ག་ནས་ཡོང་མཁན་བོད་པ་ནད་པ་མང་པོ་ཞིག་རྟག་པར་འདིར་སྨན་བཅོས་བྱེད་དུ་ཡོང་གི་ཡོད་པས། ནད་པ་མང་དྲགས་ནས་ཚང་མར་སྡོད་ཁང་གི་དཀའ་ངལ་རྟག་པར་འཕྲད་ཀྱི་ཡོད་པ་རེད། འོན་ཀྱང་ད་བར་དེ་བྱུང་མ་སོང་།

དྲི་བ། ཚེ་རིང་སྒྲོལ་དཀར་གྱིས་རོགས་སྐྱོར་བྱེད་སྟངས་ཀྱི་ཐད་ནས་ཁྱེད་རང་ལ་སེམས་ཚོར་ག་རེ་འདུག

ལན། རེད། དང་པོ་འདིར་སྨན་བཅོས་བྱེད་ཀ་མ་ཡོང་གོང་ནས་བརྡ་ཕུལ་བ་ཙམ་ལས་གཞན་ངོ་ཤེས་རྟགས་སྒོ་རྩ་བ་ནས་མི་དགོས་པ་དང་། རྗེས་སུ་འདིར་འབྱོར་བ་དང་སྡོད་ཁང་ནང་འཛུལ་ཆོག་ཆོག དེ་བཞིན་ཉི་མ་རེ་རེ་ནས་བརྟག་དཔྱད་ག་རེ་དགོས་མིན། སྨན་པ་སུ་ལ་བསྟེན་དགོས་མིན་ཚང་མ་ཨ་ཅག་ལགས་ཀྱིས་གནང་ཐོག ང་རང་སྒེར་ལ་མཚོན་ན་རྒྱ་གར་སྐད་དང་དབྱིན་ཇིའི་གཉིས་ཀ་མི་ཤེས་མཁན་ཞིག་ཡིན་རྐྱེན། དཀའ་ངལ་ཤུགས་ཆེན་འདུག ང་རང་སྒེར་ལ་དཔེ་མི་སྲིད་པའི་བཀའ་དྲིན་ཆེན་པོ་ཡིན་པའི་སེམས་ཚོར་འདུག ནད་པ་གཞན་ལ་ཡང་དེ་མཚུངས་ཀྱི་བཀའ་དྲིན་ཆེན་པོ་རེད་དྲན་གྱི་འདུག ཆུང་ས་ནས་བཤད་ན་མོ་རང་གི་མི་ཚེ་གཅིག་ནང་ཆང་ས་མ་བརྒྱབས་པ་དང་། མི་གཞན་ནང་བཞིན་དཔལ་འབྱོར་མཁོ་སྒྲུབ་ཀྱི་ལས་ལ་མ་བརྩོན་ནས་བློས་གཏོང་བྱས་ཡོད་རེད། ཆེ་ས་ནས་ད་བར་མི་ལོ་༢༠ ལྷག་གི་རིང་ལ་ནད་པ་རང་ལ་རོགས་པ་བྱས་ནས་བསྡད་པ་འདི་དཀའ་ངལ་ཆེན་པོ་རེད་ལ་བློས་གཏོང་ཆེན་པོ་རེད་དྲན་གྱི་འདུག མ་ཟད་ནད་པར་རོགས་པ་བྱེད་སྐབས་དུས་ཚོད་ངེས་མེད་རེད། བཤའ་བཅོས་འདྲ་བྱེད་དུས་ནད་པ་ཁ་ཤས་ལ་ནད་གཡོག་མང་པོ་མེད་པ་དང་། དེ་བཞིན་ནད་གཡོག་འགྲོ་སྟངས་ཡག་པོ་ཤེས་མཁན་མེད་པ་དེ་འདྲའི་སྐབས་སུ་ཨ་ཅག་མོ་རང་གིས་ནད་གཡོག་བྱས་ནས། གང་ལྟར་ཉིན་མཚན་དུས་དྲུག་ལ་ཞབས་ཞུ་གནང་གི་ཡོད་རེད། གཞིས་ཆགས་ཡིན་ནའང་རེད། བོད་ནས་གསར་དུ་འབྱོར་མཁན་ཡིན་ནའང་། ནད་པ་ཛ་དྲག་ལྟ་རྟོག་བྱེད་མཁན་མེད་པའི་རིགས་དེ་འདྲ་མང་པོ་ཡོང་གི་ཡོད་རེད། དེ་ཚོར་ཨ་ཅག་མོ་རང་གིས་ནད་གཡོག་བྱེད་ཀྱི་ཡོད་རེད། ག་དུས་ཡིན་ན་ཡང་ཛ་དྲག་མྱུར་སྐྱོབ་བྱེད་ཀྱི་འདུག ལྷག་པར་དུ་ནད་པ་ཉམས་ཐག་ལ་ཧ་ཅང་གིས་བྱམས་བརྩེ་ཤུགས་ཆེན་གནང་མཁན་ཞིག་ཡིན་པའི་ཚོར་སྣང་ཤུགས་ཆེན་པོ་བྱུང་།

༣ ཨ་ཅག་ཚེ་རིང་སྒྲོལ་དཀར་ལ་ནད་པའི་སྐོར་སོགས་ལ་བསམ་ཚུལ་གང་ཡོད་སྐོར་དྲིས་པར། ཁོང་གིས། “ད་ལྟ་བར་དུ་ལོ་མང་པོ་ཞིག་གི་རིང་ལ་ང་རང་གི་མི་ཚེའི་དུས་ཚོད་གལ་ཆེ་ཤོས་དེ་ཅན་དྷི་གྷར་ལ་བཏང་ནས་བསྡད་པ་ཡིན། ད་དུང་ཡིན་ན་ཡང་ག་ཚོད་ལྕོགས་ལྕོགས་བར་དུ་བསྡད་ཀྱི་ཡིན། ཡིན་ན་ཡང་། རྗེས་སུ་ང་འདྲ་པོ་དང་བླངས་ཐོག་ནས་ཡོང་མཁན་ཁག་པོ་ཞེ་དྲག་རེད། དེ་ཡིན་དུས་ཚོགས་པ་ཞིག་གི་རོགས་རམ་མམ། ཡང་ན་འཕྲོད་བསྟེན་ལས་ཁུངས་དང་བདེ་ལེགས་སྨན་ཁང་གི་ཡན་ལག་འདྲ་པོ་ཞིག་ཅན་དྷི་གྷར་ལ་འཛུགས་ཐུབ་ན་ནད་བཅོས་ཡོང་མཁན་རྣམས་ལ་དཀའ་ངལ་འཕྲད་ས་མ་རེད། ད་ལྟ་པི་ཇི་ཨ་ཡི་(PGI)སྨན་ཁང་གི་མིང་ལ་བལྟ་ནས། ང་གཉིས་འདིར་རོགས་པ་བྱེད་མཁན་ཡོད་རེད་ཟེར་དུས་ནད་པ་མང་པོ་ཞིག་གིས་དེ་ག་རང་ལ་རེ་བ་བརྒྱབ་སྟེ་མུ་མཐུད་ནས་ཡོང་བསྡད་ཀྱི་ཡོད་རེད། ཕྱིས་སུ་ཡོང་མཁན་གྱི་ནད་པ་རྣམས་ལ་དཀའ་ངལ་མི་ཡོང་བའི་ཆེད་དུ་འཕྲོད་བསྟེན་ལས་ཁུངས་དང་བདེ་ལེགས་སྨན་ཁང་གཉིས་ཀྱི་ངོས་ནས་ནད་པར་ལྟ་རྟོག་བྱེད་མཁན་ཞིག་ཡོད་ན་ཧ་ཅང་ཡག་པོ་འདུག

བོད་ཁྱིམ་ཚོགས་པ་གཅིག་གི་ངོས་ནས་ཁང་པ་དང་ནད་པར་ལྟ་རྟོག་བྱེད་མཁན་བཞག་ཡོད་པ་ནང་བཞིན་བདེ་ལེགས་སྨན་ཁང་དང་འཕྲོད་བསྟེན་ལས་ཁུངས་གཉིས་ཀྱིས་དེ་འདྲ་ཞིག་བཙུགས་ཏེ་སྨན་ཞབས་ཤིག་ནད་པར་རོགས་རམ་གནང་མཁན་འཇོག་ཐུབ་ན་མ་འོངས་པར་འདིར་ནད་བཅོས་བྱེད་དུ་ཡོང་མཁན་རྣམས་ལ་ཧ་ཅང་ཡག་པོ་ཡོད་ས་རེད།  དེ་ང་རང་གི་བསམ་ཚུལ་དང་རེ་སྐུལ་འདྲ་པོ་ཡིན།”ཞེས་བརྗོད་བྱུང་།

གསར་འགོད་པ་བཀྲ་ཤིས་དོན་གྲུབ་ཀྱིས་བཅར་འདྲི་བྱས།

Share on Facebook39Tweet about this on TwitterShare on Google+0Share on LinkedIn0Email this to someone
0 commentsViews: 632

Leave a Reply