ཆབ་སྲིད་བཙོན་པ་ཚེ་སྒྲུབ་སྐྱིད་བཙོན་གྲོལ་ཐོབ་པ། 

ཨ་མདོ་རྔ་བའི་ཆོ་རྗེ་མའི་དཀོན་མཆོག་སྔོ་རྭ་ཚང་གི་ཚེ་སྒྲུབ་སྐྱིད་ལགས་ཟླ་འདིའི་ཚེས་༥ ཉིན་བཙོན་གྲོལ་ཐོབ་ཡོད་པ་དང་། ཕྱིར་ཕ་ཡུལ་ཆོ་རྗེ་མར་འབྱོར་སྐབས་ཡུལ་མི་༢༠༠ ལྷག་གིས་ཕེབས་བསུ་བྱས་འདུག

རྨེའུ་དཀོན་རྒྱམ་གྱིས་གནས་ཚུལ་འགྲེལ་བརྗོད་གནང་བ་ལྟར་ན། ཚེ་སྒྲུབ་སྐྱིད་ཀྱིས་མགོ་ལོག་པདྨ་རྫོང་སེ་ལེ་ཐང་ཡུལ་ཚོ་ནས་ཡིན་པའི་གྲྭ་བློ་བཟང་དགེ་འདུན་ཀྱིས་ཕྱི་ལོ་༢༠༡༢ ཟླ་༡༢ ཚེས་༣ ཉིན་རྒྱ་གཞུང་ལ་ངོ་རྒོལ་གྱིས་རང་ལུས་མེར་སྲེག་སྐབས། ཁོང་གི་སྐུ་ཕུང་ལ་ཇུས་ཏེ་བོད་ལ་རང་དབང་དགོས། རྒྱལ་བ་རིན་པོ་ཆེ་ཕེབས་འཇུག་དགོས་ཞེས་སྐད་འབོད་བྱས་པས་རྒྱ་གཞུང་གིས་འཛིན་བཟུང་བཙན་ཁྲིད་བྱས་པ་མ་ཟད། ཕྱི་ལོ་༢༠༡༣ ལོའི་ཟླ་༤ ཚེས་༥ ཉིན་ལོ་ངོ་ཧྲིལ་བོ་༤ ལ་བཙོན་འཇུག་ཁྲིམས་ཐག་བཅད་ནས་མེ་ཡན་བཙོན་ཁང་དུ་བཅུག་འདུག
ཕྱི་ལོ་༢༠༡༧ ཟླ་༤ ཚེས་༥ ཉིན་གྱི་མཚན་མོའི་དུས་ཚོད་༡༡ ཙམ་ལ་ཁྲིམས་ཐག་བཅད་པའི་དུས་ཡུན་ཚང་སྟེ་ཕྱིར་ཕ་ཡུལ་ཆོ་རྗེ་མར་འབྱོར་སྐབས་ཡུལ་མི་༢༠༠ལྷག་གིས་ཕེབས་བསུ་བྱས་འདུག
ཁོང་མོ་བཙོན་ཁང་ནང་དུ་འདུག་སྐབས་གཟུགས་གཞི་མ་བདེ་བའི་རྐྱེན་གྱིས་ལོ་ངོ་གཅིག་ལྷག་ལ་བཙོན་པའི་སྨན་ཁང་དུ་འདུག་བྱུང་བ་དང་། ཉེ་ལམ་མོ་བཙོན་འཇུག་གི་དུས་ཡུན་ཚང་ལ་ཉེ་དུས་རྒྱ་ནག་གཞུང་གིས་ཁྱེད་རང་གི་སྨན་ཡོན་ལ་རྒྱ་སྒོར་ཁྲི་བཅུ་གསུམ་བཏང་ཡོད་པས། སྐྱིན་ཚབ་དགོས་ཟེར་ནས་དཀའ་ངལ་རབ་དང་རིམ་པ་མང་པོ་བཟོས་ཡོད་འདུག
ཚེ་སྒྲུབ་སྐྱིད་ནི་རང་ལོ་༣༢དང་ཕ་མིང་ལ་དཀོན་མཆོག་སྔོ་རྭ་དང་ཕ་མ་གཅིག་པའི་མིང་སྲིང་བརྒྱད་ཡོད་འདུག་ལ། མོ་རང་ལ་དཔའ་རྩལ་སྐྱབས་ཟེར་བའི་རང་ལོ་༡༤ཡིན་པའི་བུ་ཞིག་ཡོད་འདུག །
གསར་འགོད་པ་ཆོས་ཉིད་འོད་ཟེར།
གནས་ཚུལ་སྔོན་སོང་།

Print Friendly, PDF & Email
Share on Facebook0Tweet about this on TwitterShare on Google+0Share on LinkedIn0Email this to someone
0 commentsViews: 182

Leave a Reply