ཆབ་སྲིད་བཙོན་ཟུར་སྒྲོལ་མ་མཚོ་གློད་གྲོལ།

ཟླ་འདིའི་ཚེས་༤ ཉིན་གྱི་མཚན་མོའི་ཆུ་ཚོད་༩ ཡས་མས་སུ་བོད་མདོ་སྨད་རྔ་བ་རྫོང་རྨེའུ་རུ་མའི་རུ་ཆེན་གསུམ་པའི་ཆབ་སྲིད་བཙོན་པ་སྒྲོལ་མ་མཚོར་རྒྱ་གཞུང་གིས་ལོ་ངོ་གསུམ་ལ་བཙོན་འཇུག་ཁྲིམས་ཐག་བཅད་པའི་དུས་ཡུན་ཚང་ནས་རང་ཁྱིམ་དུ་བསྐྱལ་འདུག སྐབས་དེར་སྒྲོལ་མ་མཚོ་ལ་གཉེན་ཉེ་དང་ས་གནས་མི་མང་ཉིས་བརྒྱ་ལྷག་གིས་ཁ་བཏགས་གཡོགས་ནས་ཕེབས་བསུ་བྱས་འདུག

15301330_10154413494094818_8839706_nདེ་ཡང་ཆབ་སྲིད་བཙོན་ཟུར་སྒྲོལ་མ་མཚོ་མོའི་ཕུ་བོ་རྨེའུ་དཀོན་རྒྱམ་གྱིས་གནས་ཚུལ་འགྲེལ་བརྗོད་གནང་བ་ལྟར་ན། ཕྱི་ལོ་༢༠༡༣ ཟླ་༡༢ ཚེས་༣ ཉིན་རྔ་བ་རྫོང་རྨེའུ་རུ་མའི་ཡུལ་ཚོ་གསེར་སྡེ་ནས་དཀོན་མཆོག་ཚེ་བརྟན་གྱིས་རང་ལུས་མེར་སྲེག་གི་རྒྱ་རྒོལ་གནང་སྐབས། སྒྲོལ་མ་མཚོས་ཁོང་གི་སྐུ་ཕུང་རླངས་འཁོར་ནང་དུ་འཇོག་རོགས་བྱས་པ་སོགས་ཀྱི་རྐྱེན་གྱིས་རྒྱ་ནག་གིས་བཙན་བཟུང་བྱས་ཏེ་ཟླ་བ་༡༡ རིང་ལ་བཀག་ཉར་ཁང་ནས་གཅར་རྡུང་དང་མནར་གཅོད་སྣ་ཚོགས་མྱངས་དགོས་བྱུང་ཞིང་། ཕྱི་ལོ་༢༠༡༤ ཟླ་༡༡ ཚེས་༣ ཉིན་སྒྲོལ་མ་མཚོར་རྒྱ་གཞུང་གིས་མི་བསད་པའི་ནག་ཉེས་བཙུགས་ནས་ལོ་གསུམ་ལ་བཙོན་འཇུག་ཁྲིམས་ཐག་བཅད་ནས་སི་ཁྲོན་མེ་ཡན་བཙོན་ཁང་ནང་བཅུགས།

ཕྱི་ལོ་༢༠༡༥ ཟླ་༡༢ ནང་ལ་ཁྲིམས་ཁང་རང་ནས་ཡི་གེ་སྔ་ཕྱི་གཉིས་ཁྱིམ་བདག་ཚོར་འབྱོར་ནས་སྒྲོལ་མ་མཚོར་ཛ་དྲག་གི་གཤག་བཅོས་གཏོང་དགོས་སྐོར་བྲིས་ཤིང་ཁྱིམ་བདག་ཚོའི་མིང་རྟགས་འགོད་དགོས་ཚུལ་བཙན་བཀའ་གཏོང་སྐབས། ཁྱིམ་བདག་ཚོས་ཁྲིམས་ཁང་ལ་ཁ་པར་བཏང་སྟེ་སྒྲོལ་མ་མཚོ་ལ་དངོས་སུ་ཐུག་བཅུག་ན་སྒྲོལ་མ་མཚོའི་གནས་བབ་གང་ཞིག་ཡིན་པ་ཤེས་རྟོགས་ཡོང་བས། དངོས་སུ་ཐུག་འཇུག་པའི་རེ་འདུན་བཏོན་ཀྱང་ཐུག་བཅུག་མེད་འདུག མ་ཟད་སྒྲོལ་མ་མཚོས་ཁྲིམས་ཁང་ནས་ཁྱིམ་བདག་ཚོར་སྐར་མ་ལྔའི་རིང་ཁ་པར་བཏང་སྟེ་བཙོན་སྲུང་བ་ཚོས་ང་ལ་ན་ཚ་ཞིག་ཡོད་པས་བཙན་གྱིས་གཤག་བཅོས་གཏོང་དགོས་པའི་བཙན་སྐུལ་ཡང་ཡང་བྱས་རུང་། ངའི་ངོས་ནས་ཁས་ལེན་རྩ་བ་ནས་བྱས་མེད། ཁྱོད་ཚོས་ཀྱང་ཁས་ལེན་རྩ་བ་ནས་མ་བྱེད་ཅེས་བརྗོད་འདུག

ད་སྐབས་སྒྲོལ་མ་མཚོའི་གནས་སྟངས་དེ་མགོ་ཡུ་འཁོར་བ། གཉིད་མི་ཡོང་། གཟུགས་པོ་སྐྱོ་པོ་ཆགས་པ། སྔར་གྱི་གཤིས་ཀ་འགྱུར་བ། སྙིང་ཁམས་མི་བདེ་བ་སོགས་ཀྱི་གནས་བབ་ན་ཡོད་པས། མ་འོངས་པའི་མོ་རང་གི་འཕྲོད་བསྟེན་སོགས་ཀྱི་ཐད་ལ་ཁྱིམ་བདག་ཚོར་སེམས་འཚབ་ཆེན་པོ་ཡོད་འདུག

སྒྲོལ་མ་མཚོ་ནི། རྔ་བ་རྫོང་རྨེའུ་རུ་མའི་དགེ་ཚང་གི་ཡིན་ཞིང་། ཕ་དགེ་རིག་དང་མ་དོན་ཁོ་གཉིས་ཡིན་འདུག ཁོང་མོ་ལ་ལོ་༡༤ ཅན་གྱི་བུ་མོ་ཚུལ་ཁྲིམས་སྒྲོལ་མ་ཟེར་བ་ཞིག་ཡོད་འདུག །
གསར་འགོད་པ་ཆོས་ཉིད་འོད་ཟེར།
གནས་ཚུལ་སྔོན་སོང་།

Print Friendly, PDF & Email
Share on Facebook0Tweet about this on TwitterShare on Google+0Share on LinkedIn0Email this to someone
0 commentsViews: 169

Leave a Reply