ཆུ་སྒང་དབུ་བརྙེས་པའི་ཉིན་མོ་ནི། བོད་ཀྱི་དཔའ་བོའི་ཉིན་མོ་ཡིན།

ཆུ་སྒང་དབུ་བརྙེས་པའི་ཉིན་མོ་ནི།

བོད་ཀྱི་དཔའ་བོའི་ཉིན་མོ་ཡིན།

———– སྙིང་མིག

སྤྱིར་བཏང་འགྲོ་བ་མིའི་རིགས་ཀྱི་འདུ་ཤེས་འཛིན་སྟངས་དང་། ལམ་དང་ལུགས་སྲོལ་ཕལ་མོ་ཆེ་ཧ་ཅང་མཐུན་ཤས་ཆེ་ལ། དེ་བས་རྒྱལ་ཁབ་དང་མི་རིགས་ཀྱི་བདེ་སྡུག་གླེང་སྟངས་དང་ངོས་འཛིན་བྱེད་སྟངས་ཧ་ཅང་འདྲ། འོན་ཀྱང་རང་ཕྱོགས་དང་གཞན་ཕྱོགས་ཀྱིས་ངོས་འཛིན་སྟངས་ནི་རྦད་དེ་ལྡོག་ཕྱོགས་ལྟ་བུ་ཡོད། དཔེར་ན། ༡༩༥༩/༣/༡༠ ལྟ་བུ་ཡིན་ན། བོད་མི་རིགས་ཀྱི་ངོས་ནས་ཉིན་མོ་འདི་ནི་ཡི་མུག་དང་མིག་ཆུའི་ཀློང་ནས་ཕྱིར་དྲན་དགོས་པ་ཞིག་དང་། སྐྱོ་སྣང་དང་གདུང་ཡུས་ཁྲོད་ནས་ཕྱིར་དྲན་དགོས་པ་ཞིག་ཡིན་ནའང་། དགྲ་བོའི་ངོས་ནས་བཤད་ན། འདི་ནི་ཆེས་རླབས་ཆེན་གྱི་ཉིན་མོ་དང་། ཀྲུང་གོའི་མཐའ་མཚམས་རྒྱ་སྐྱེད་ཀྱི་ཉིན་མོ་ཞིག་ལ་དྲན་གསོ་བྱེད་སྲིད་པ་ལྟ་བུ་རེད།

དེ་བཞིན་འཛམ་གླིང་གི་དུས་དྲན་མང་པོ་ཞིག་རྒྱུ་རྐྱེན་རན་པ་ཞིག་ལ་ཚད་བཞག་ནས་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་གཏན་ལ་ཕབ། གཏན་ལ་ཕབ་པའི་ཉིན་མོ་དེ་འཛམ་གླིང་ཡོངས་ཁྱབ་རང་བཞིན་གྱིས་ངོས་འཛིན་བཞིན་ཡོད་ལ། རྒྱལ་ཚོགས་ཀྱིས་གཏན་ལ་མ་ཕབ་ནའང་རྒྱལ་ཁབ་རང་ཉིད་ཀྱིས་གཏན་ལ་ཕབ་པའི་དུས་དྲན་མང་པོ་ཞིག་མི་རིགས་རང་ཉིད་ནས་སྲུང་བརྩི་བྱེད་པ་དེ་འདྲའང་མཐོང་རྒྱུ་ཡོད། ང་ཚོ་བོད་མི་རིགས་ལ་མཚོན་ནའང་གནའ་བོའི་སྐབས་སུ་སངས་རྒྱས་ཀྱི་མཛད་པ་བཅུ་གཉིས་སོགས་ཆོས་ཕྱོགས་ཀྱི་དུས་དྲན་ཙམ་ལས། སྲིད་ཕྱོགས་ཀྱི་ཡབ་མེས་བཙན་པོའི་མཛད་རྗེས་ལ་རྗེས་དྲན་བྱེད་པ་ཤིན་ཏུ་ཉུང་།

ད་སྐབས་བཙན་བྱོལ་ནང་ལའང་ཆོས་ཕྱོགས་ཀྱི་དུས་དྲན་ཁག་ཕུད། གསུམ་བཅུ་དུས་དྲན་དང་། ཉེ་ཆར་བོད་ཀྱི་བུད་མེད་ཉིན་མོ་དབུ་བརྙེས་པ་ཙམ་ལས་སྲིད་ཕྱོགས་ཀྱི་དུས་དྲན་བརྩི་སྲུང་མང་པོ་མེད། ང་ཚོའི་མི་རིགས་འདི་དགྲ་བོའི་མདའ་གྲི་མདུང་གསུམ་གྱི་འོག་ནས་དྲག་རྒོལ་བྱེད་པའི་སྐབས་སུ་གཡུལ་སར་དངོས་སུ་ཞུགས་ཤིང་། དགྲ་བོ་དང་དངོས་སུ་འཐབ་ནས་༸ གོང་ས་༸ རྒྱལ་བ་རིན་པོ་ཆེ་དབུ་ཐོན་ངང་རྒྱ་གར་དུ་གདན་དྲངས་པ་དང་། སྐབས་དེར་བོད་མི་ཁྲི་ཕྲག་མང་པོ་སྐྱབས་བཅོལ་འགྲོ་བའི་ལམ་ཆེན་བཏོད་པ། བོད་ཀྱི་ཆོས་དང་རིག་གཞུང་མང་པོ་སྲུང་སྐྱོབ་ཐུབ་པའི་བྱས་རྗེས་བཞག་པ་སོགས་ནི་མདོ་ཁམས་ཆུ་བཞི་སྒང་དྲུག་བསྟན་སྲུང་དང་བླངས་དམག་གི་བཀའ་དྲིན་ལ་བརྟེན་ནས་བྱུང་བ་ཡིན་སྟབས། ༡༩༥༨/༦/༡༦/ ཉིན་མོ་འདི་བོད་ཀྱི་དཔའ་བོའི་ཉིན་མོ་དབུ་བརྙེས་པར་བརྩི་སྲུང་བྱ་དགོས་ངེས་རེད་ལ། བྱ་འོས་པ་ཡང་རེད། འདི་ནི་མི་སྒེར་དང་། ཚོགས་པ་སྒེར་ཙམ་མིན་པར་དབུས་བོད་མིའི་སྒྲིགས་འཛུགས་ཀྱིས་ངོས་འཛིན་གནང་བའི་ཐོག་ནས་བརྩི་སྲུང་དགོས་རྒྱུ་ཧ་ཅང་གལ་ཆེན་རེད།

༢༠༡༥/༢/༢༨/ ཉིན་གྱི་ཕྱི་དྲོ་བོད་རང་བཙན་སློབ་ཕྲུག་ཚོགས་པའི་གོ་སྒྲིག་འོག །དྷ་ས་མེག་གྷན་དུ་ལོ་ཉི་ཤུའི་རིང་ཆུ་སྒང་སྐོར་ལ་ཞིབ་འཇུག་བྱས་པའི་ཨ་རིའི་ཁོ་ལ་རཱ་དྷོ་སློབ་ཆེན་གྱི་འབུམ་རམ་པ་ཁེ་རཱོལ་གྱིས་ཆུ་སྒང་དམག་གི་སྐོར་གྱི་ལོ་རྒྱུས་དྲན་གསོ་ཞེས་པའི་བརྗོད་གཞིའི་ཐོག་གཏམ་བཤད་ཅིག་གནང་ཡོད། སྐབས་དེར་ཁོང་གིས་“ ཆུ་སྒང་དབུ་བརྙེས་པའི་ཉིན་མོ་༡༩༥༨ ལོའི་ཟླ་༦ ཚེས་༡༦ ཉིན་དེ་ཧ་ཅང་གལ་གནད་ཡིན་པ་དང་། དམག་འཐབ་ལོ་རྒྱུས་ནི་བོད་ཀྱི་ལོ་རྒྱུས་ནང་ཧ་ཅང་གལ་ཆེན་པོ་ཡིན་པས་གཞུང་འབྲེལ་ལོ་རྒྱུས་ནང་འཁོད་འོས་པ་དང་། སློབ་གྲྭ་ཁག་གི་སློབ་ཚན་ནང་དུ་ངེས་པར་དུ་འཁོད་དགོས་པ་ཞིག་ཡིན་ནའང་། ད་ལྟ་དེ་ལ་དམིགས་བསལ་གྱིས་མཐོང་ཆེན་བྱེད་ཀྱི་མེད་པ་དེ་ལོ་རྒྱུས་ཐོག་ནས་འགྲིག་གི་ཡོད་མ་རེད། དེ་བཞིན་སྐབས་དེའི་དམག་འཐབ་བྱེད་མཁན་རྣམས་ལ་གཞུང་གིས་དམིགས་བསལ་ལྟ་རྟོགས་གང་ཡང་མེད་„ ཅེས་གསུངས་པའང་ང་ཚོས་སེམས་ལ་ཉར་འོས་པའི་སྐད་ཆ་རེད་དྲན།

རྒྱལ་ཁབ་དང་མི་རིགས་མང་ཆེ་བས་དཔའ་བོའི་ཉིན་མོ་བརྩི་སྲུང་བྱེད་པ་ནི། མི་རིགས་དང་རྒྱལ་ཁབ་ཆེད་དུ་དཔའ་བོ་རྣམས་ཀྱི་ཚེ་སྲོག་ཤོར་བའི་ཉིན་མོ་ལ་བརྩི་སྲུང་བྱེད་སྲོལ་མང་ཆེ་ནའང་། མཐའ་གཅིག་ཏུ་ངེས་པའང་མིན། དཔེར་ན། འབར་མའི་དཔའ་བོའི་ཉིན་མོ་ནི། ཟླ་བ་༧ ཚེས་༡༧ ཉིན་སྲུང་བརྩི་བྱེད། དེ་ཡང་ ༡༩༤༧ ལོར་འབར་མའི་རང་བཙན་གྱི་འགོ་འཁྲིད་དགུ་ལྐོག་གསོད་བཏང་བའི་ཉིན་མོ་དེ་ཡིན། རྒྱ་གར་དཔའ་བོའི་ཉིན་མོ་ནི་ཟླ་བ་༡ ཚེས་༣༠ ཉིན་སྲུང་བརྩི་བྱེད། དེ་ཡང་༡༩༤༨ ལོར་བདག་ཉིད་ཆེན་པོ་གྷན་དྷི་རྗེ་ལྐོག་གསོད་བཏང་ཤོར་བའི་ཉིན་མོ་ཡིན། ཡང་པན་ཇབ་མངའ་སྡེའི་ཁུལ་ན་དཔའ་བོའི་ཉིན་མོ་ཟླ་བ་༣ ཚེས་༢༣ ཉིན་སྲུང་བརྩི་བྱེད། དེ་ཡང་༡༩༣༡ ལོར་བྷ་ཀཏ་སིན་གྲོངས་པའི་ཉིན་མོ་དེ་ཡིན། ཨབ་གྷན་གྱི་དཔའ་བོའི་ཉིན་མོ་ནི་ཟླ་བ་༩ ཚེས་ ༨ ཡང་ན་ ༩ ཉིན་སྲུང་བརྩི་བྱེད། དེ་ཡང་། ༢༠༠༡ ལོར་Ahmad shah massoud ཁོང་ལྐོག་གསོད་བཏང་བའི་ཉིན་མོ་ཡིན་ཙང་། ཨབ་གྷན་གྱི་ཆེད་དུ་ཚེ་སྲོག་ཤོར་བའི་དཔའ་བོ་ཚང་མར་རྗེས་དྲན་བྱེད་ཀྱི་ཡོད། ཟླ་བ་ ༩ ཚེས་ ༡༦ ཉིན་ལེ་བྷོ་ནོན་གྱི་དཔའ་བོའི་ཉིན་མོ་ཡིན། དེ་ཡང་། ཨི་ཐྲ་ལིའི་དབང་བསྒྱུར་འོག་ཚེ་ལས་འདས་པ་དང་བཙན་བྱོལ་དུ་བསྐྱོད་དགོས་ཆགས་པ། ཟླ་བ་༢ ཚེས ༡༧ ཉིན་གྱི་སྒེར་ལངས་སྐབས་གྲོངས་པའི་ལེ་བྷོའི་མི་མང་རྣམས་དྲན་གསོའི་ཆེད།

༦/༡༦/ ལ་དཔའ་བོའི་ཉིན་མོ་སྲུང་བརྩི་བྱས་ན། དགྲ་བོའི་ལག་འོག་ནས་མི་རིགས་དང་རྒྱལ་ཁབ་ཆེད་དུ་ཚེ་སྲོག་ཤོར་བའི་དཔའ་རྒོད་མང་པོའི་རྣམ་ཤེས་བདེ་བ་ཅན་དུ་འགྲོ་བདེ་བར་ལམ་བདེ་ཞིང་། ཁོང་ཅག་གིས་མི་རིགས་འདིའི་ཆེད་དུ་ཚེ་སྲོག་དམར་པོ་འབེན་ལ་བཙུགས་པའི་བཀའ་དྲིན་རྗེས་དྲན་ཙམ་ཞིག་ཡིན་ཆོག་ལ། བཀའ་དྲིན་ཅན་ལ་རྗེས་སུ་དྲན་པ་ནི་ཡ་རབས་བཟང་སྤྱོད་ཀྱི་ངོས་ནས་གླེང་ནའང་གལ་འགང་ཆེ། ཆེས་གནའ་བོའི་སྐབས་ནས་བོད་མི་རིགས་འདི་དཔའ་བོ་ལ་དཔའ་བའི་དཔའ་དར་འདོགས་པའི་མི་རིགས་ཤིག་ཡིན་སྟབས། མི་རིགས་འདིའི་རང་གཤིས་ནི་ནམ་ཡང་ཉམས་རྒུད་མེད་པར་མཚོན་ནུས་པ་སོགས་དགོས་པ་དང་རྒྱུ་མཚན་རྣམས་ཞིབ་ཏུ་བསམས་ན། ༦/༡༦/ ནི་དཔའ་བོའི་ཉིན་མོར་གཏན་ལ་འབེབས་དགོས་པའི་ཉིན་མོ་དེ་ཡིན།

2017/5/5

Print Friendly, PDF & Email
Share on Facebook28Tweet about this on TwitterShare on Google+0Share on LinkedIn0Email this to someone
0 commentsViews: 330

Leave a Reply