ཆོས་དང་ཆབ་སྲིད་ཀྱི་འགལ་འབྲེལ།

བོད་ཀྱི་བང་ཆེན་སྤྱིའི་འདོན་ཐེངས་ ༦༣༡  ཕྱི་ལོ་ ༢༠༡༧/༡  /༢༥

ཚེ་ཕྱི་མ་དང་གཞན་དོན་ཁོ་ན་དོན་དུ་གཉེར་བའི་ཐེག་པ་ཆེན་པོའི་ཆོས་ཀྱི་དགོངས་དོན་གཙོ་བོ་ནི། ཁམས་གསུམ་གྱི་སེམས་ཅན་ཐམས་ཅད་སངས་རྒྱས་ཀྱི་གོ་འཕང་ལ་འགོད་པའི་ཆེད་དུ་ཡིན་ལ། རླབས་ཆེ་བའི་དགོངས་གཞི་འདིའི་འོག་ཏུ་རྒྱལ་ཁབ་དང་མི་རིགས་ཀྱི་ས་མཚམས་མེད་པ་མ་ཟད། མི་དང་དུད་འགྲོ། དགྲ་དང་གཉེན་སོགས་ཀྱི་ཁྱད་པར་མེད་པར་མཁའ་ཁྱབ་ཀྱི་སེམས་ཅན་ཐམས་ཅད་ལ་ཁྱབ་ཡོད། ཆབ་སྲིད་ནི་དེ་ལས་ལྡོག་སྟེ་གཙོ་ཆེ་ས་ནས་རང་གི་རྒྱལ་ཁབ་དང་མི་རིགས་ཀྱི་བདེ་དོན་ཆེད་དང་། ཆུང་ས་ནས་མི་སྒེར་དང་འབྲེལ་ཡོད་སྲིད་དོན་ཚོགས་པ་སོགས་ཀྱི་ཁེ་ཕན་ཁོ་ནའི་ཆེད་དུ་ཤུགས་རྒྱག་གི་ཡོད་ལ། འཛམ་གླིང་སྤྱི་ཡོངས་ཀྱི་འགྲོ་སྟངས་ཐོག་ནས་ཀྱང་དེ་འདྲ་མ་རེད་ཅེས་བརྗོད་ཐབས་མེད་པ་ཞིག་རེད། ད་དུང་ཆབ་སྲིད་ཀྱི་ཐོག་ནས་རང་ཁེ་ཐབས་དང་། གཞན་ཕམ་ཐབས་སུ་བསམ་བློ་གཏོང་མ་ཐུབ་ན་ཧ་ཅང་འགྲན་རྩོད་ཆེ་བའི་རྒྱལ་སྤྱིའི་ཁོར་ཡུག་འདིར་གྱོང་རག་རྒྱུ་ཡིན་པ་སྨྲོས་མེད་རེད། དེར་བརྟེན་ཆོས་དང་ཆབ་སྲིད་གཉིས་ཕུགས་ཀྱི་དམིགས་ཡུལ་ཐོག་ནས་རྦད་དེ་མི་འདྲ་བ་ཞིག་ཏུ་གྱུར་ཡོད།

ད་དུང་ཆོས་ཕྱོགས་ནས་གཞན་ལ་རོགས་རམ་སོགས་ག་འདྲ་ཞིག་གནང་ཡང་། གཞུང་ལུགས་དང་ལྟ་གྲུབ་ཀྱི་ཐོག་ནས་ལན་དང་རྣམ་སྨིན་ལ་རེ་བ་གཏན་ནས་མེད་པ་ཞིག་ཡིན་དགོས་པ་དང་། ཆབ་སྲིད་ཀྱི་ཐོག་ནས་ལས་དོན་ག་འདྲ་ཞིག་བསྒྲུབས་ཀྱང་། དེ་ལ་ལན་དང་འབྲས་བུ་ལ་རེ་བ་གཏན་ནས་མེད་པ་ཞིག་ཡོང་མི་སྲིད་པ་རེད། རྒྱུ་མཚན་དེའི་ཐོག་ནས་ཀྱང་ཆོས་དང་ཆབ་སྲིད་གཉིས་གཅིག་གྱུར་གྱི་ཐོག་ནས་འགྲོ་ཐུབ་རྒྱུ་ནི་ཧ་ཅང་དཀའ་ལས་ཁག་པོར་གྱུར་ཡོད། འོན་ཀྱང་ཆོས་ཀྱི་མིང་ཐོག་ནས་བྱེད་བཞིན་པའི་ལས་དོན་ཆ་ཚང་ཆོས་དང་མཐུན་པའི་ངེས་པ་ཆེར་མེད་ལ། ཆབ་སྲིད་ཀྱི་མིང་ཐོག་ནས་བྱེད་བཞིན་པའི་ལས་དོན་མཐའ་དག་ཆོས་དང་མི་མཐུན་པའི་ངེས་པ་ཆེར་མེད་པ་འདི་ཡང་ཀུན་སློང་གི་ཐོག་ནས་དབྱེ་བ་འབྱེད་དགོས་པ་ཞིག་རེད། དེར་བརྟེན་གནད་དོན་འདིའི་ཐོག་ནས་རྒྱུ་མཚན་རེ་ཟུང་ལ་བརྟེན་ཕྱོགས་ཡོངས་ནས་ཁ་ཚོན་གཅོད་དཀའ་བ་ཞིག་ཏུ་གྱུར་ཡོད། འོན་ཀྱང་གོང་དུ་བརྗོད་པ་བཞིན་ཆོས་དང་ཆབ་སྲིད་གཉིས་ལྟ་གྲུབ་དང་གཞུང་ལུགས་ཀྱི་ཐོག་ནས་གཅིག་གྱུར་ཡོང་ཐབས་མེད་པ་ཞིག་ཏུ་གྱུར་ཡོད།

སྤྱིར་ད་ལྟའི་དུས་འདིར་འཛམ་གླིང་གི་ཁོར་ཡུག་ཏུ་ཆོས་ལུགས་ཆེ་ཁག་གིས་ཆོས་ལུགས་དར་སྤེལ་གཏོང་ཐབས་དེ་ཆབ་སྲིད་ལ་བརྟེན་ནས་བྱེད་བཞིན་ཡོད་པ་དང་། ཆབ་སྲིད་པ་མང་པོ་ཞིག་གིས་ཀྱང་ཆོས་ལུགས་ལ་བརྟེན་ནས་རང་ཉིད་ཀྱི་ཆབ་སྲིད་གོ་གནས་སྲ་བརྟན་གཏོང་ཐབས་བྱེད་མཁན་ནི་ཧ་ཅང་མང་པོ་རེད། འཛམ་གླིང་ཆོས་ལུགས་ཆེ་ཁག་གཞན་ཚང་མ་ལྟ་གྲུབ་དང་གཞུང་ལུགས་ཀྱི་ཐོག་ནས་ཆབ་སྲིད་དང་མཉམ་དུ་འགྲོ་ཐུབ་པ་ཞིག་ཡིན་མིན་བཤད་དཀའ་ཡང་། ནང་པ་སངས་རྒྱས་པ་སྤྱི་དང་ལྷག་པར་ཐེག་པ་ཆེན་པོའི་ཆོས་སྒོར་ཞུགས་མཁན་ཞིག་གི་ངོས་ནས། ཆབ་སྲིད་དང་ཆོས་ལུགས་གཉིས་མཉམ་དུ་ཚད་ལྡན་ལག་བསྟར་བྱེད་ཐུབ་མཁན་ཞིག་གཏན་ནས་མེད་པའམ་ཧ་ཅང་དཀོན་ཚོད་དུ་སྣང་། ཆོས་ལུགས་པས་མང་ཚོགས་ཀྱི་དད་པ་བེད་སྤྱད་ནས་ཆབ་སྲིད་ཀྱི་ལས་དོན་དང་ཐོབ་ཤོར་ལ་བྱུས་གཏོགས་མང་པོ་བྱེད་པ་དང་། ཆབ་སྲིད་པས་ཆོས་ལུགས་ལ་བརྟེན་ནས་རང་ཉིད་ཀྱི་སྲིད་དབང་སྲ་བརྟན་གཏོང་ཐབས་བྱེད་པ་འདི་ནི་ཕྱོགས་ཡོངས་ནས་འོས་འཚམས་ཤིག་གཏན་ནས་མིན།

ང་ཚོ་བོད་ལ་མཚོན་ནའང་དཀའ་ངལ་འདི་ཡོད་ལ། རྒྱ་དམར་གཞུང་གི་ངོས་ནས་བོད་ཀྱི་ཆབ་སྲིད་ཀྱི་ལམ་ལུགས་ཆོས་སྲིད་ཟུང་འབྲེལ་ཡིན་ཚུལ་གླེང་བ་དེ་ནི་བླ་མ་གཅིག་གམ་བླ་བྲང་གཅིག་གིས་ཆོས་སྲིད་གཉིས་ཀྱི་འགན་མཉམ་དུ་བཞེས་པ་ལ་ཟེར་ཞིང་། བཙན་བྱོལ་བོད་པའི་སྤྱི་ཚོགས་སུ་ཆབ་སྲིད་དེ་ཉིད་བྱམས་སེམས་དང་གཞན་ཕན་གྱི་སྙིང་པོ་བྱས་ནས་ཆབ་སྲིད་སྐྱོང་བ་ལ་ཆོས་སྲིད་ཟུང་འབྲེལ་ཞེས་གོ་བ་ལེན་བཞིན་ཡོད། བཙན་བྱོལ་བོད་མིའི་བཅའ་ཁྲིམས་ནང་གསལ་བའི་ཆོས་སྲིད་ཟུང་འབྲེལ་གྱི་གོ་དོན་ཡང་འདི་ལྟ་བུར་གྱུར་ཡོད། དེར་བརྟེན་བོད་ཕྱི་ནང་གཉིས་ནས་ཚིག་གཅིག་པ་ཆོས་སྲིད་ཟུང་འབྲེལ་ཞེས་བེད་སྤྱོད་བྱེད་ནའང་། གོ་དོན་གྱི་ཐོག་ནས་རྦད་དེ་མི་འདྲ་བ་ཡིན། སྔ་མ་ལྟར་ན་བོད་ཀྱི་ལོ་རྒྱུས་ནང་ནས་མཇུག་བསྡོམས་བརྒྱབ་ཟིན་པས་ད་ལྟའི་ཆར་གནས་མེད་ལ། ཕྱི་མ་ལྟར་ན་ལག་ལེན་དངོས་ཀྱི་ཐོག་ནས་དེ་ལྟར་ཡོང་དཀའ་ཡང་མུ་མཐུད་དུ་གནས་དགོས་པ་ཞིག་ཀྱང་རེད། རྩ་བས་ཆོས་སྲིད་འདྲེས་མ་ལྟ་བུའི་སྲིད་སྐྱོང་སྟངས་ཐོག་ནས་ཕན་ལས་གནོད་ཆེ་བ་ལྟ་བུར་གྱུར་ཡོད་ཅེས་བརྗོད་ཀྱང་མི་ཆོག་པ་མེད།

མདོར་ན་བོད་པའི་སྤྱི་ཚོགས་ནང་དུའང་གནད་དོན་འདི་ལ་ལྟ་ཚུལ་མང་པོ་ཡོད་པ་དང་། ལྷག་པར་དུ་བོད་ཀྱི་མཁས་པ་ཆེན་པོ་ཉན་ཤུལ་མཁྱེན་རབ་འོད་ཟེར་གྱིས་གནད་དོན་འདིའི་ཐད། ཆོས་ལྡན་རྒྱལ་ཁབ་མི་རིགས་ཀུན་ལ་ཡོད།། ཆོས་སྲིད་ཟུང་འབྲེལ་བོད་ཀྱི་ཡུལ་དུ་དར།། ཆོས་ལྡན་ཙམ་གྱིས་རྒྱལ་ཁབ་མི་ཉམས་ཀྱང་།། ཟུང་དུ་སྦྲེལ་བས་གཉིས་ཀའི་ནུས་པ་ཤོར།། ཞེས་གསུངས་པ་ལྟར་རྒྱ་ཆུང་ས་ནས་བཤད་ན་རྒྱལ་ཁབ་འཛིན་སྐྱོང་བྱེད་སྟངས་ཀྱི་ཐོག་ནས་ཡར་རྒྱས་ག་ཚོད་གཏོང་དགོས་པ་དེ་དག་ཐམས་ཅད་གཏོང་དགོས་པ་དང་། ཆོས་ལུགས་ཀྱི་ལྟ་གྲུབ་ཐོག་ནས་བཤད་ན་འདོད་ཆུང་ཆོག་ཤེས་ཁོ་ན་བྱེད་དགོས། ད་དུང་ཐེག་པ་ཆེན་པོའི་ལག་ལེན་གྱི་ཐོག་ནས་བདག་གཞན་མཉམ་པ། བདག་གཞན་བརྗེ་བ། བདག་ལས་གཞན་གཅེས་བཅས་རིམ་པས་ལག་བསྟར་བྱེད་དགོས་ཀྱང་། ཆབ་སྲིད་ཀྱི་ལག་ལེན་ཐོག་ནས་བདག་གཙོ་བོར་འཛིན་མ་ཐུབ་ན་དུས་རབས་འདིའི་འགྲན་རྩོད་ནང་གསོན་པོར་གནས་ཐབས་གཏན་ནས་མེད་པས། ཁ་ནས་སྙན་པོ་ཇི་ལྟར་བརྗོད་ཀྱང་དོན་དུ་གནས་ཐབས་མེད་པ་ཧ་ཅང་གསལ་པོར་གྱུར་ཡོད།།

Share on Facebook0Tweet about this on TwitterShare on Google+0Share on LinkedIn0Email this to someone
0 commentsViews: 87

Leave a Reply