ཆོས་བརྒྱུད་ཕན་ཚུན་བར་འཁྲུག་རྩོད་ཤོར་བ་དེ་ངོ་ཚ་དགོས་པ་ཞིག་རེད།

སྔོན་མ་བོད་ནང་དུའང་བསྟན་པ་སྤྱི་བཙན་དང་གང་ཟག་སྒོས་བཙན་གཉིས་ལས་གང་ཟག་སྒོས་བཙན་ཤུགས་ཆེ་རུ་སོང་ནས་ཆོས་བརྒྱུད་ཕན་ཚུན་བར་འཁྲུག་རྩོད་ཤོར་བ་དེ་ངོ་ཚ་དགོས་པ་ཞིག་རེད་ཅེས་༧གོང་ས་མཆོག་གིས་གསུངས་སོང་།

ཟླ་འདིའི་ཕྱི་ཚེས་༣ གྱི་སྔ་དྲོ་ཆུ་ཚོད་༩ པའི་ཐོག་དྷ་ས་མེག་གྷན་ཐེག་ཆེན་ཆོས་གླིང་གཙུག་ཁང་དུ། རྣམ་རྒྱལ་གྲྭ་ཚང་གི་གོ་སྒྲིག་འོག ཝེ་ཏི་ནམ་དང་ཨི་ཊ་ལི་ནས་འབྱོར་བའི་རྣམ་རྒྱལ་གྲྭ་ཚང་གི་སློབ་གཉེར་ཁང་གསར་བཞེངས་ཀྱི་དད་ལྡན་སྦྱིན་བདག་མི་༢༠༠ ལྷག་དང་། དྷ་ས་ཁུལ་གྱི་སེར་སྐྱ་མི་མང་། དེ་བཞིན་ཕྱི་རྒྱལ་མི་རིགས་གཞན་བཅས་ལ་༧གོང་ས་མཆོག་གིས་ལམ་གཙོ་རྣམ་གསུམ་གྱི་བཀའ་ཆོས་གསུངས་སོང་།

གསུང་ཆོས་དངོས་དབུ་འཛུགས་མ་མཛད་གོང་༧གོང་ས་མཆོག་གིས་ད་ཐེངས་ཀྱི་གསུང་ཆོས་གོ་སྒྲིག་དང་འབྲེལ་བའི་སྐོར་གསུང་དོན་དུ། “དེ་རིང་འདིར་གངས་ལྗོངས་ཕན་བདེ་ལེགས་བཤད་གླིང་གི་སློབ་གྲྭ་རིན་པོ་ཆེས་རྐང་འཁུར་བཞེས་པའི་ཐོག་གསར་རྒྱག་ལེགས་པར་ཟིན་ནས། ཁ་སང་ང་ཚོས་སྒོ་འབྱེད་ཀྱི་རྟེན་འབྲེལ་མཛད་སྒོ་འཚོགས་པ་རེད། རིན་པོ་ཆེའི་ཆོས་ཚོགས་ཀྱི་ཁོངས་ནས་དེ་རིང་འདིར་ཨི་ཊ་ལི་ནས་ཁྱེད་རང་ཚོ་མི་མང་པོ་ཞིག་སླེབས་ཡོད་རེད། དེ་བཞིན་ཝེ་ཏི་ནམ་ནས་མང་པོ་ཞིག་འབྱོར་ཡོད་རེད། ཁྱེད་རང་ཚོར་ཆོས་འབྲེལ་ཞིག་བྱུང་ན་ཟེར་ནས་ལམ་གཙོའི་བཤད་ལུང་ཞིག་བྱ་རྒྱུ་འདི་འདྲ་གཏན་འཁེལ་བ་རེད། དེ་དང་ཆབ་ཅིག་གངས་ལྗོངས་ཕན་བདེ་ལེགས་བཤད་གླིང་གི་གྲྭ་རྒྱུན་ནང་ལ་མོན་པའི་བུ་ཕྲུག་དེ་འདྲ་མང་པོ་ཞིག་ཡོང་བསྡད་ཡོད་རེད། དེར་བརྟེན་ཁོང་ཚོའི་ཕ་མ་སྤུན་མཆེད་དེ་འདྲ་མང་པོ་ཞིག་དེ་རིང་འདིེར་འབྱོར་ནས། ཁོང་ཚོར་རྒྱ་གར་སྐད་ནང་བསྒྱུར་རྒྱུའི་འཕྲུལ་ཆས་དེ་མེད་པ་ཆགས་ནས། ཁ་ཐུག་ཕ་གིར་བསྒྱུར་རྒྱུ་བྱས་པ་རེད། དེ་རིང་བཀའ་ཆོས་ཀྱི་ཆེད་དུ་དམིགས་པའི་གདུལ་བྱ་དེ་དག་ཡིན། དེ་དང་ཆབས་ཅིག་རྒྱ་གར་ལ་ཐེངས་དང་པོ་འབྱོར་མཁན་གྱི་གསར་འབྱོར་དེ་འདྲ་གང་འཚམ་ཞིག་འདུག”ཅེས་གསུངས་སོང་།

དེ་བཞིན་༧གོང་ས་མཆོག་གིས་སངས་རྒྱས་པའི་ཆོས་ཟེར་བ་དེ་ག་འདྲ་ཡིན་མིན་སྐོར་ངོ་སྤྲོད་གནང་རྒྱུ་གལ་ཆེ་སྐོར་གསུང་དོན།“སྔོན་ལ་ཆོས་ཟེར་བ་དེ་དུས་རབས་༢༡ པའི་ནང་ལ་འབྲེལ་བ་ཡོད་པ་ཞིག་དང་། དེའི་ནང་ཚན་ནས་སངས་རྒྱས་པའི་ཆོས་ཟེར་བ་དེ་འབྲེལ་བ་ཡོད་པ་ཞིག་མཐོང་ཡོང་དུས། སངས་རྒྱས་པའི་ཆོས་ཟེར་བ་དེ་ག་འདྲ་ཞིག་ཡིན་མིན་ངོ་སྤྲོད་བྱེད་པ་དང་། དེ་ངོ་འཕྲོད་པའི་ཐོག་ནས་སངས་རྒྱས་པའི་ཆོས་ལ་རྒྱུ་མཚན་མཐོང་བའི་སྒོ་ནས་དད་པ་བྱེད་རྒྱུ་ཞིག་བྱུང་ན། ཉམས་ལེན་བྱེད་རྒྱུ་དེ་གལ་ཆེ་དོན་ཆེ་ཞིག་བརྩི་རྒྱུ་ཡོང་གི་རེད། གཞན་འཆར་ཅན་གྱི་བཟོ་འདྲ་ཞིག་བྱས་ཕྱིན་བཞག་ན་དགོས་པ་ཆེན་པོ་མི་འདུག” ཅེས་གསུངས་སོང་།

ཡང་༧གོང་ས་མཆོག་གིས་ཆོས་ལུགས་ཚང་མས་བྱམས་བརྩེ་དང་བཟོད་སྒོམ་བཤད་ཀྱི་ཡོད་ཀྱང་། ཆོས་ལུགས་པ་ཚོས་དེ་དང་འགལ་བའི་བྱ་སྤྱོད་སྤེལ་བཞིན་པ་དང་། ཕྱིའི་དངོས་པོ་ཡར་རྒྱས་ལ་བརྟེན་ནས་བདེ་སྐྱིད་ཐོབ་མི་ཐུབ་པའི་སྐོར་ལ་གསུང་དོན་དུ། “ད་ལྟ་དུས་རབས་༢༡ པའི་ནང་ལ་སླེབས་ཡོད་རེད། འདས་པའི་ལོ་བརྒྱ་ཉིས་བརྒྱའི་ནང་ཕྱི་དངོས་པོ་ཧ་ལས་པ་ཡར་རྒྱས་ཕྱིན་ཡོད་རེད། དུས་རབས་༢༠ ནང་ཧ་ལས་པའི་ཡར་རྒྱས་ཕྱིན་ཡོད་རེད། ཡར་རྒྱས་དེ་དང་འབྲེལ་བའི་མི་ལ་སྨན་བཅོས་ཀྱི་མཐུན་རྐྱེན་དང་། དཔལ་འབྱོར་གྱི་མཐུན་རྐྱེན། འགྲིམ་འགྲུལ་གྱི་མཐུན་རྐྱེན་སོགས་དེ་ཚོ་ཧ་ཅང་མང་པོ་ཞིག་ཧ་ལས་པའི་ཡར་རྒྱས་ཕྱིན་ཡོད་རེད། གང་ལྟར་མི་ཚེའི་འགྲོ་སྟངས་འདྲ་པོ་དེ་ལས་སླ་པོ་ཟེར་དགོས་རེད་དམ། སྟབས་བདེ་པོའི་བཟོ་འདྲ་ཞིག་ཆགས་ཡོད་རེད། མི་ཚང་མར་འགྲེལ་བཤད་རྒྱག་མི་དགོས་པར་དངོས་པོ་ཡར་རྒྱས་ཧ་ཅང་གལ་ཆེན་པོ་བརྩིས་ནས་(Economic) ཞེས་ག་ས་ག་ནས་བཤད་བསྡད་ཀྱི་ཡོད་རེད། ང་ཚོའི་མི་རབས་གོང་མའི་གོང་མ་ཚོས་དངོས་པོ་ཡར་རྒྱས་ཕྱིན་ན་དངོས་གནས་འཛམ་བུ་གླིང་ནང་ཞི་བདེ་ཡོང་བའི་བཟོ་འདྲ་ཞིག་དང་། བདེ་སྐྱིད་ལྡན་པ་ཡོང་གི་རེད་བསམ་པའི་ཚོད་དཔག་འདྲ་ཕལ་ཆེར་བྱས་ཡོད་ཀྱི་རེད། དེ་འགྲུབ་ཡོད་མ་རེད། དངོས་པོ་ཡར་རྒྱས་ཧ་ཅང་ཕྱིན་ཡོད་རེད་དེ། ཡིན་ནའང་། དངོས་པོ་ཡར་རྒྱས་ཀྱི་ཆ་རྐྱེན་དེ་དག་ད་དུང་སྡུག་བསྔལ་སྣོན་པ་བཟོ་བྱེད་འདྲ་པོ་ཞིག་ཆགས་ཡོད་རེད། དཔེར་ན། འཕྲུལ་ཆས་ཡར་རྒྱས་ཕྱིན་པའི་རྐྱེན་གྱིས་གོ་མཚོན་གྱི་རིགས་ཧ་ཅང་གིས་ཡར་རྒྱས་ཕྱིན་པ་རེད། དེ་མི་ལ་བརྡབ་གསིག་བཟོ་བྱེད་དང་། མི་ལ་འཇིགས་སྣང་སྐྱེས་བྱེད་ཅིག གསོད་རེས་གཏོང་བྱེད་ཆགས་བསྡད་འདུག་ཨ། འདས་པའི་ཉི་མ་གཉིས་གསུམ་ནང་ལ་མཚོན་ན་དེ་འདྲའི་ཐོག་ནས་འཚེ་བའི་ལས་ཀ་བྱེད་བསྡད་འདུག ད་གང་ལྟར་འདི་འདྲ་ཞིག་གི་ཐོག་ནས་འཛམ་བུ་གླིང་འདིིའི་ནང་ལ་འཚེ་བ་ཡོང་བ་དེ་ལུས་གཅིག་པུ་ཐོག་ནས་ཡོང་བ་ཞིག་མ་རེད། སེམས་ཀྱི་ནང་དུ་རང་ཕྱོགས་ལ་ཆགས་པ་དང་གཞན་ཕྱོགས་ལ་སྡང་བའི་ཆགས་སྡང་དང་། ཕྲག་དོག འགྲན་སེམས། དེ་འདྲ་ཤུགས་ཧ་ཅང་ཤུགས་ཆེན་པོ་ཞིག་སླེབས་ཡོང་དུས་མིས་མི་གསོད་པ་དང་། བཤུ་གཞོག་གཏོང་བ། སྤྱི་ཚོགས་ཀྱི་ནང་ལ་དབུལ་ཕྱུག་གི་དབྱེ་བ་ཆེན་པོ་ཡོད་པ་དེ་འདྲའི་གནས་ཚུལ་བྱུང་ནས། དངོས་པོ་རྐྱང་རྐྱང་ལ་བསམ་བློ་གཏོང་བསྡད་པ་ལས་བྱམས་པ་དང་བརྩེ་བ་ཟེར་བའི་ནང་གི་ཡོན་ཏན་རྣམས་ཀྱི་ཐོག་ལ་དོ་སྣང་མ་བྱས་ནས། འཛམ་བུ་གླིང་དངོས་པོ་ཡར་རྒྱས་ཀྱི་ཚད་མཐོན་པོར་སླེབས་ཡོད་ཀྱང་། མིས་མི་གསོད་པ་དང་སྡུག་པོ་གཏོང་པ་སོགས་མདོར་ན་གང་འཚམ་ནས་ཆོས་དད་དེ་ཡང་། ཕྱོགས་འཐེན་བྱས་ནས་ང་ཚོ་དང་ཁྱོད་ཚོ་ཟེར་བའི་ཐོག་ཕྱིན་པ་དང་། ཆོས་དད་མི་འདྲ་བ་རྒྱུ་མཚན་དུ་བྱས་ནས་གསོད་རེས་གཏོང་བ་དེ་བློ་ཡུལ་ལས་འདས་པ་རེད། ཆོས་ལུགས་ཚང་མས་བྱམས་བརྩེ་བཤད་ཀྱི་ཡོད་རེད། བཟོད་པའི་ཉམས་ལེན་བཤད་ཀྱི་ཡོད་རེད། རང་ཚུགས་སྲུང་རྒྱུ་བཤད་ཀྱི་ཡོད་རེད་དེ། དེ་འདྲ་གསུང་མཁན་ཆོས་བརྒྱུད་ཁོ་རང་གིས་རྙོག་དྲ་བཟོ་ཡི་ཡོད་རེད། དེ་རིང་ཁ་སང་འབར་མའི་ནང་ལ་མཚོན་ན། སངས་རྒྱས་བཅོམ་ལྡན་འདས་ཀྱི་སྙིང་རྗེ་རྩ་བར་གྱུར་པའི་སངས་རྒྱས་པའི་ཆོས་ཤིག་ཆགས་ཀྱི་ཡོད་རེད་དེ། ཡིན་ན་ཡང་། སངས་རྒྱས་པའི་ཆོས་ལ་ཞེན་འགོག་འདྲ་བྱས་ནས་འབར་མའི་ནང་ཡོད་པའི་ཁ་ཆེ་ཚོར་སྡུག་སྦྱོང་གཏོང་བ་ཨེ་འདྲ་ཡོང་གི་འདུག་ཨ།”ཅེས་སོགས་དང་། སྔོན་མ་བོད་ནང་དུའང་བསྟན་པ་སྤྱི་བཙན་དང་གང་ཟག་སྒོས་བཙན་གཉིས་ལས་གང་ཟག་སྒོས་བཙན་ཤུགས་ཆེ་རུ་སོང་ནས་ཆོས་བརྒྱུད་ཕན་ཚུན་ཕར་འཁྲུག་རྩོད་ཤོར་ཡོད་ཀྱང་། དེ་ངོ་ཚ་དགོས་པ་ཞིག་ཡིན་པ་དང་། འཛམ་གླིང་ནང་ཞི་བདེ་ཡོང་བར་བྱམས་བརྩེ་གལ་ཆེ་སྐོར་སོགས་ཟབ་རྒྱས་གསུང་རྗེས་ལམ་གཙོ་རྣམ་གསུམ་གྱི་གསུང་ཆོས་དངོས་སུ་དབུ་འཛུགས་གནང་སོང་།།

གསར་འགོད་པ་བཀྲ་ཤིན་དོན་གྲུབ།

 

 

 

Print Friendly, PDF & Email
Share on Facebook0Tweet about this on TwitterShare on Google+0Share on LinkedIn0Email this to someone
0 commentsViews: 178

Leave a Reply