ཆོས་ལུགས་རིས་མེད་དང་དག་སྣང་ཕྱོགས་མེད།

བོད་ཀྱི་བང་ཆེན་སྤྱིའི་འདོན་ཐེངས་ ༦༣༠  ཕྱི་ལོ་ ༢༠༡༧/༡ /༡༨

ད་ལྟའི་ཆར་ཆོས་ལུགས་རིས་མེད་དགོས་པའི་ལས་འགུལ་དང་ལམ་སྟོན་གནང་མཁན་ཧ་ཅང་མང་པོ་ཡོད་པ་མ་ཟད། དེའི་ཆེད་དུ་ཚོགས་འདུ་དང་བགྲོ་གླེང་གོ་སྒྲིག་གནང་མཁན་ཡང་མང་པོ་ཞིག་འདུག་པ་ནི། བོད་ལ་མཚོན་ན་ཧ་ཅང་གལ་ཆེན་པོ་ཞིག་ཏུ་གྱུར་ཡོད། བོད་པའི་ལོ་རྒྱུས་ནང་ཆོས་བརྒྱུད་ནང་ཕན་ཚུན་གྱི་འཐེན་འཁྱེར་ལ་བརྟེན་ནས་དམག་འཁྲུག་བརྒྱབ་པ་དང་། དགོན་པ་གཏོར་བ། སྐྱེས་ཆེན་དམ་པ་བསམ་གྱིས་མི་ཁྱབ་པ་མང་པོ་བཀྲོངས་པའི་ལོ་རྒྱུས་ཀྱང་སྔ་རྗེས་བྱུང་མྱོང་། བོད་གཅིག་གྱུར་གྱི་གནས་བབས་ཐོག་བོད་པའི་ཆོས་དང་རིག་གནས་ཀྱི་ཤུགས་རྐྱེན་ཆེན་པོ་ཐེབས་ཡོད་པ་སྨྲོས་མ་དགོས་ཀྱང་། ཆོས་བརྒྱུད་ཀྱི་མིང་ཐོག་ནས་འཁྲུག་རྩོད་བྱུང་བར་བརྟེན་ལྡོག་ཕྱོགས་ནས་ཤུགས་རྐྱེན་ཐེབས་པ་ཡང་ཧ་ཅང་ཚབས་ཆེན་པོར་གྱུར་ཡོད། དོན་དངོས་ཀྱི་ལོ་རྒྱུས་ནང་བྱུང་བའི་གནས་ཚུལ་འདི་དག་བསླབ་བྱ་རུ་བླངས་ནས་བལྟས་ན་མ་འོངས་པར་ཡང་ཆོས་ལུགས་རིས་མེད་ཅེས་པ་ཞིག་ཡོང་རྒྱུ་ཅུང་དཀའ་ན། དེ་བས་ཐོག་མ་དག་སྣང་ཕྱོགས་མེད་དུ་སྦྱོང་ཐུབ་པ་ཞིག་བྱུང་ན་ཧ་ཅང་གལ་ཆེ།

ཆོས་བརྒྱུད་སོ་སོའི་ལྟ་བའི་བཞེད་མཚམས། གྲུབ་མཐའི་བྱུང་རིམ་སོགས་དགོས་པ་དང་རྒྱུ་མཚན་དུ་མ་ལ་བརྟེན་ནས་བྱུང་ཡོད་པས། མ་འོངས་པར་ཡང་བཞེད་མཚམས་དེ་དག་ཚང་མ་རིས་མེད་ཅིག་ཆགས་ཐུབ་རྒྱུ་ཧ་ཅང་དཀའ་བ་དང་། ཕྱོགས་གཅིག་ནས་བལྟས་ན་ཆགས་དགོས་པ་ཞིག་ཀྱང་ཡིན་མིན་བཤད་དཀའ། དེ་ཡང་གདུལ་བྱ་སོ་སོའི་ཁམས་དབང་མོས་པ་མི་འདྲ་བའི་དབང་གིས་ཕྱག་བཞེས་དང་བཞེད་སྲོལ་དེ་དག་ལ་འཕྲིན་ལས་དང་ཤུགས་རྐྱེན་ཡང་མི་འདྲ་བ་ཡོད་ངེས་རེད། དེར་བརྟེན་དེ་དག་རྒྱུན་གནས་ཐོག་གཙོ་ཆེ་ཤོས་ཆོས་བརྒྱུད་སོ་སོའི་རྒྱུད་འཛིན་པ་དག་གིས། ཆོས་བརྒྱུད་ཕན་ཚུན་དབར་སྟོན་པ་གཅིག་གི་རྗེས་འཇུག་ཡིན་པ་རྒྱུ་མཚན་དུ་བྱས་ནས་དག་སྣང་ཕྱོགས་མེད་དུ་སྦྱོང་ཐུབ་པ་ཞིག་བྱུང་ན་རང་བཞིན་གྱིས་རྩོད་རྙོག་དག་མི་ཡོང་བར་ཕན་ཐོགས་ཆེན་པོ་ཡོད་ངེས་པས། མ་འོངས་པར་དེའི་ཐོག་ལ་སློབ་སྟོན་དང་ལས་འགུལ་མང་ཙམ་སྤེལ་དགོས་པ་གལ་ཆེ་བ་དང་། ཆོས་ལུགས་རིས་མེད་ཀྱི་མཉམ་དུ་དག་སྣང་ཕྱོགས་མེད་འདི་ཉིད་འགྲོ་མ་ཐུབ་ན་དེ་ཙམ་ཤུགས་རྐྱེན་ཡོད་པ་ཞིག་ཏུ་མཐོང་དཀའ།

རིས་མེད་ཀྱི་ཆོས་བརྒྱུད་ཁག་ལ་དད་པ་དང་དག་སྣང་ཕྱོགས་མེད་དུ་ཁྱབ་ཐུབ་པ་ཞིག་ཡོང་བར་ཆོས་བརྒྱུད་ཁག་གི་མཐར་ཐུག་གི་ལྟ་བའི་འབབ་སོ་གཅིག་པ་ཡིན་པའི་གནས་ལུགས་དེ་ཉིད་རྗེས་འབྲངས་པ་དག་གིས་ཤེས་རྟོགས་ཐུབ་པ་ཞིག་དགོས་པ་ལས། ད་ལྟའི་ཆར་བོད་ཀྱི་གནས་སྟངས་ཛ་དྲག་ཡིན་པ་དང་། དུས་སྐབས་འདི་འདྲ་ཞིག་ལ་རྡོག་རྩ་གཅིག་སྒྲིལ་བྱེད་དགོས་པ་ཙམ་རྒྱུ་མཚན་དུ་བྱས་ན། གནས་སྐབས་ཆབ་སྲིད་ཀྱི་དགོས་མཁོ་ཙམ་ལ་བརྟེན་ནས་བྱུང་བས་ཕུགས་ཐུབ་ཅིག་གཏན་ནས་ཡོང་མི་ཐུབ། དེ་ལས་གོང་དུ་བརྗོད་པ་བཞིན་རྒྱུ་མཚན་དང་གནས་ལུགས་དེ་དག་ཤེས་པའི་ཐོག་ནས་དད་པ་དང་དག་སྣང་སླེབས་ཐུབ་པ་ཞིག་འབྱུང་ཐབས་དགོས་པ་དེ་གལ་ཆེ་ཤོས་སུ་མཐོང་། གནས་སྐབས་ཀྱི་རྣམ་པ་ཙམ་ལ་བསམ་བློ་བཏང་ནས་ནད་རྟགས་ཀྱི་རྨ་ཙམ་ལ་སྨན་བཅོས་བྱེད་པ་ལས། ན་ཚའི་འབྱུང་རྐྱེན་ལ་བཅོས་ཐབས་མ་བྱས་པ་དང་གཅིག་མཚུངས་ཡིན། དེར་བརྟེན་ཆོས་ལུགས་རིས་གཅོད་བྱས་པའི་ལོ་རྒྱུས་དང་རྒྱབ་ལྗོངས་ཤེས་པའི་ཐོག་ནས་སླད་ཕྱིན་དེར་ལྟར་མི་ཡོང་བའི་ཐབས་ལམ་འཚོལ་དགོས།

ལོ་རྒྱུས་ཐོག་ཆོས་བརྒྱུད་ཁག་ཕན་ཚུན་དབར་རྒྱུ་མཚན་ཤེས་པའི་ཐོག་ནས་རིས་མེད་ཆོས་བརྒྱུད་ཡོངས་ལ་དག་སྣང་ནོར་བུའི་འོད་ཀྱིས་ཁྱབ་པར་མཛད་པའི་སྐྱེས་ཆེན་དམ་པ་མང་པོ་བྱོན་མྱོང་ལ། ཐུན་མོང་གི་སྣང་ངོར་རིས་གཅོད་ཀྱི་རྣམ་པ་སྟོན་མཁན་གྱི་བླ་ཆེན་ཡང་བྱུང་མྱོང་ཡོད། དེ་དག་གི་ལོ་རྒྱུས་སྡུག་ཕྱོགས་སུ་གྱུར་པ་རྣམས་ཆོས་འབྱུང་ཁག་ཏུ་སྦས་འགེབ་བྱས་ཡོད་ཀྱང་། བུ་ཚ་ཕྱི་རབས་པར་འཐེན་འཁྱེར་མི་ཡོང་བའི་མཐུན་རྐྱེན་དུ་འགྱུར་ཐུབ་མེད། དེ་ལས་ལོ་རྒྱུས་ཀྱི་ནོར་འཁྲུལ་དེ་དག་ཤེས་རྟོགས་ཡོད་ཀྱང་ཁྱད་པར་ཆེར་མེད་པར། དེ་ལ་བརྟེན་ནས་མ་འོངས་པར་ལེགས་བཅོས་དང་ཡར་རྒྱས་ཀྱི་ཕྱོགས་སུ་བསྐྱོད་ཐུབ་པའི་ཉམས་མྱོང་ལེན་དགོས། འདས་པའི་ལོ་རྒྱུས་ཀྱི་གནས་སྟངས་ཕྱོགས་ཡོངས་ནས་སྦས་ཐབས་ཁོ་ན་བྱེད་པ་འདི་ཡང་། དོན་གྱིས་མ་འོངས་པའི་མཐུན་ལམ་ལ་དམིགས་པ་བཞིན་གྲུབ་འབྲས་ཆེན་པོ་ཡོད་པ་ཞིག་ཏུ་འགྱུར་ཐུབ་མེད་པར། མ་འོངས་པར་ཐབས་ཤེས་དེ་ལས་ལྷག་ཙམ་ཞིག་བྱས་ནས་ཆོས་བརྒྱུད་ཁག་ཕན་ཚུན་དབར་ངེས་པར་དུ་མཐུན་ལམ་ཡོང་ཐབས་ལ་བསམ་བློ་གཏོང་དགོས།

མདོར་ན་ཆོས་ལུགས་རིས་མེད་ཅེས་པ་ངོ་སྲུང་དང་འདྲ་ཆག་ཆག་ཙམ་མ་ཡིན་པར། ཆོས་བརྒྱུད་སོ་སོའི་ཐུན་མིན་ལྟ་གྲུབ་ཀྱི་བཞེད་མཚམས་ཁག་དང་། བརྒྱུད་སྲོལ་དེ་དག་མི་ཉམས་པར་རྒྱུན་འཛིན་སོར་གནས་ཐོག ཆོོས་བརྒྱུད་ཁག་ལ་རྒྱུ་མཚན་ཤེས་པའི་ཐོག་ནས་དད་པ་དང་དག་སྣང་ཕྱོགས་མེད་དུ་བྱེད་ཐུབ་པ་ཞིག་ཡོང་དགོས། དེ་ལྟར་མ་བྱས་པར་རིས་མེད་ཇི་ལྟར་བརྗོད་ཀྱང་དོན་གྱིས་ཕན་ཐོགས་རྒྱ་ཆེན་པོ་ཞིག་ཡོང་དཀའ་ཞིང་། ད་ལྟའི་དུས་འདིར་བཟང་ཕྱོགས་ནས་ཕན་ཚུན་རྒྱུས་ལོན་དང་ཤེས་རྟོགས་བྱེད་རྒྱུའི་གོ་སྐབས་ཧ་ཅང་མང་བ་དང་། ཕྱོགས་གཅིག་ནས་སྤྱི་ཚོགས་དྲ་ལམ་ཁག་བརྒྱུད་ནས་ཆོས་བརྒྱུད་ཕན་ཚུན་དབར་སྐུར་འདེབས་དང་ཟུར་ཟ་ཚད་ལས་བརྒལ་བ་བྱེད་བཞིན་པའི་དུས་ཚོད་ཅིག་ཀྱང་ཡིན་སྟབས། གནད་འགག་དེའི་ཐོག་ངན་ཕྱོགས་ནས་ཀྱང་ཤུགས་རྐྱེན་ཆེན་པོ་འགྲོ་བཞིན་ཡོད། གནས་སྟངས་འདི་ལྟ་བུའི་སྐབས་སུ་གོང་དུ་བརྗོད་པ་བཞིན་ཆོས་ལུགས་རིས་མེད་ཅེས་པའི་ཚིག་འདི་དང་མཉམ་དུ་དག་སྣང་ཕྱོགས་མེད་ཅེས་པའི་གནད་དོན་འདིའི་ཐོག་ལ་ཤུགས་རྒྱག་དགོས་པ་གལ་ཆེ་ཤོས་སུ་གྱུར་འདུག་སྙམ།།

Search

|གླ་ཡོད་གསལ་བསྒྲགས། |

|| ཟུར་ཟའི་རི་མོ། ||