ཇོ་ནང་ལ་ད་དུང་ཆོས་བརྒྱུད་སྤྱི་མཚུངས་ཀྱི་ཐོབ་ཐང་ཆ་ཚང་རྩ་བ་ནས་ཐོབ་ཡོད་མ་རེད་ཟེར།

བཙན་བྱོལ་ནང་ཇོ་ནང་ཆོས་བརྒྱུད་དར་ཁྱབ་བྱུང་མ་ཐུབ་པ་རེད་མ་གཏོགས་ཤེས་རིག་དང་ཆོས་རིག་གིས་བདག་པོ་མ་བརྒྱབས་པ་མིན་སྐོར་ཆོས་རིག་བཀའ་བློན་གཡུ་ཐོག་ཀརྨ་དགེ་ལེགས་ཀྱིས་གསུངས་སོང་།

ཟླ་འདིའི་ཕྱི་ཚེས་༢༥ ཉིན་གྱི་སྔ་དྲོའི་ཆུ་ཚོད་༨ དང་སྐར་མ་༣༠ ཐོག་ནོར་གླིང་ཇོ་ནང་དུས་འཁོར་གྲྭ་ཚང་གི་ལྷ་ཁང་དུ། སྐུ་མགྲོན་གཙོ་བོ་བོད་མིའི་སྒྲིག་འཛུགས་ཀྱི་ཆོས་རིག་བཀའ་བློན་གཡུ་ཐོག་ཀརྨ་དགེ་ལེགས་དང་། དམིགས་བསལ་སྐུ་མགྲོན་ཇོ་ནང་རྒྱལ་ཚབ་རིན་པོ་ཆེ་གཉིས་དབུ་བཞུགས་ཐོག འཕགས་ཡུལ་ཇོ་ནང་འགྲོ་ཕན་ལྷན་ཚོགས་ཀྱིས་གོ་སྒྲིག་བྱས་པའི་རྒྱལ་བ་ཇོ་ནང་པའི་སྔོན་གྱི་བྱུང་རབས་དང་ད་ལྟའི་གནས་བབ་གླེང་བ་ཞེས་པའི་བགྲོ་གླེང་དང་། དཔལ་རྒྱལ་བ་ཇོ་ནང་པའི་དམིགས་བསལ་ཚོགས་ཆེན་ཐེངས་དགུ་པ་བཅས་ཀྱི་དབུ་འབྱེད་མཛད་སྒོ་ཚོགས་སོང་།

མཛད་སྒོའི་ཐོག་འཕགས་ཡུལ་ཇོ་ནང་ལྷན་ཚོགས་ནས་པར་སྐྲུན་བྱས་པའི་༧གོང་ས་མཆོག་གི་བཀའ་སློབ་དེབ་ཆུང་ཞིག་དབུ་འབྱེད་གྲུབ་རྗེས། འཕགས་ཡུལ་ཇོ་ནང་ལྷན་ཚོགས་ཀྱི་ཚོགས་གཙོ་ཚངས་དབྱངས་རྒྱ་མཚོས་“ད་ལན་ཇོ་ནང་འགྲོ་ཕན་ལྷན་ཚོགས་ཀྱི་བགྲོ་གླེང་ཚོགས་འདུ་འདི་འཚོགས་དགོས་པའི་རྒྱུ་མཚན་གཙོ་བོ་གཅིག་དེ།རྩ་བའི་ཆ་ནས་བཙན་བྱོལ་ནང་ཇོ་ནང་ཟེར་བ་དེ་ཧ་ཅང་ཁྱབ་ཆུང་ཆུང་ཞིག་ཡིན་པ་དང་།ལྷག་པར་དུ་སྤྱི་ཚོགས་ནང་ཇོ་ནང་ཆོས་བརྒྱུད་ཤེས་མཁན་ཧ་ཅང་ཉུང་ཉུང་ཡིན་པའི་གནས་སྟངས་ཤིག་ཆགས་བསྡད་ཡོད་པ་དང་། ད་ལྟ་རྒྱ་བལ་འབྲུག་གསུམ་ནང་ཇོ་ནང་གི་དགོན་སྡེ་ལྔ་དྲུག་ཙམ་དང་། ཕྱི་རྒྱལ་ཡུལ་གྲུ་ཁག་ཏུ་ཆོས་ཚོགས་ཉི་ཤུ་མ་ཟིན་ཙམ་ཡོད་པ་རེད།དེ་ཚོས་ད་ལྟའི་བར་རྒྱལ་བ་ཇོ་ནང་པའི་ཆོས་བརྒྱུད་ཉམས་པ་སླར་གསོ་དང་མི་ཉམས་གོང་འཕེལ་གཏོང་བར་འབད་བརྩོན་བྱེད་བཞིན་ཡོད་ཀྱང་།ད་ཆར་ད་དུང་བཙན་བྱོལ་སྤྱི་ཚོགས་ཁྲོད་ཇོ་ནང་ཆོས་བརྒྱུད་དེ་ཧ་ཅང་གི་ཁྱབ་ཆུང་ཆུང་དང་ཇོ་ནང་ཆོས་བརྒྱུད་སྐོར་ཤེས་མཁན་ཉུང་ཉུང་ཆགས་བསྡད་ཡོད་པ་རེད།དེར་བརྟེན་ང་ཚོས་མཁས་དབང་མང་པོ་གདན་འདྲེན་ཞུས་ནས་ཇོ་ནང་ཆོས་བརྒྱུད་སྐོར་བགྲོ་གླེང་བྱས་པ་བརྒྱུད་ནས་སྤྱི་ཚོགས་ནང་ཇོ་ནང་ཆོས་བརྒྱུད་སྐོར་ཤེས་རྟོག་ཡོང་བའི་ཆེད་དུ་ཡིན།གཉིས་པ་དེ་༧སྐྱབས་མགོན་རིན་པོ་ཆེ་མཆོག་གིས་ནམ་རྒྱུན་ཆོས་ལུགས་རིས་མེད་ཡོང་དགོས་པའི་བཀའ་སློབ་མང་པོ་ཕེབས་ཀྱི་ཡོད་པ་གཞིར་བཞག་སྟེ།དེ་རིང་འདིར་མཁས་དབང་རྣམ་པ་གདན་ཞུ་དང་བགྲོ་གླེང་བརྒྱུད་ནས་ཆོས་ལུགས་རིས་མེད་ཡོང་བར་ཕན་ཐོག་ཡོང་ན་བསམ་པ་ཡིན།”ཞེས་བརྗོད་སོང་།

དེ་བཞིན་ཁོང་གིས་མུ་མཐུད་དུ་“དེ་རིང་གི་བགྲོ་གླེང་ཚོགས་ཆེན་འདི་ཇོ་ནང་ཆོས་བརྒྱུད་ཀྱི་ཚོགས་ཆེན་ཐེངས་དགུ་པ་དེ་ཆགས་ཀྱི་ཡོད་རེད། ཚོགས་ཐེངས་དང་པོ་དེ་ཕྱི་ལོ་༢༠༠༨ ལོར་གནས་མཆོག་རྡོ་རྗེ་གདན་དུ་ཚོགས་པ་དང་། སྐབས་དེར་འཕགས་ཡུལ་ཇོ་ནང་འགྲོ་ཕན་ལྷན་ཚོགས་གསར་དུ་བཙུགས་པ་རེད། དེའི་དགོས་དམིགས་གཙོ་བོ་ཇོ་ནང་ཆོས་བརྒྱུད་ཉམས་པ་སླར་གསོ་དང་མི་ཉམས་གོང་འཕེལ་གཏང་རྒྱུ་དང་། བཙན་བྱོལ་ནང་ཇོ་ནང་ཆོས་བརྒྱུད་ལའང་ཆོས་བརྒྱུད་སྤྱི་མཚུངས་ཀྱི་ཐོབ་ཐང་ཆ་ཚང་འཐོབ་པར་ང་ཚོས་རང་གཞུང་ལ་སྙན་ཞུ་ག་འདྲ་འབུལ་དགོས་མིན་ཐོག་བགྲོ་གླེང་བྱ་རྒྱུ་དེ་རེད། དེ་ནས་ད་ལྟའི་བར་དུ་བགྲོ་གླེང་ཚོགས་ཆེན་ཐེངས་དགུ་ལ་ཚོགས་ཏེ་གྲོས་ཆོད་དོན་ཚན་བདུན་བརྒྱད་ཅིག་གི་ཐོག་ནས་ང་ཚོས་རང་གཞུང་ལ་ཇོ་ནང་ཆོས་བརྒྱུད་ལ་ཆོས་བརྒྱུད་སྤྱི་མཚུངས་ཀྱི་ཐོབ་ཐང་སྤྲོད་པའི་ཞུ་སྙན་ཕུལ་བ་རེད། ཡིན་ནའང་ད་ལྟ་སྤྱི་ཚོགས་ནང་ཇོ་ནང་ལ་ཆོས་བརྒྱུད་ཀྱི་ཐོབ་ཐང་ཡོད་པ་རེད་ཟེར་བ་དང་། ཡང་ཆོས་བརྒྱུད་ཐོབ་ཐང་དེ་རྩོད་དགོས་པ་ཞིག་མ་རེད་ཟེར་བ་སོགས་ཀྱི་གླེང་སློང་ཡོང་གི་ཡོད་སྟབས། ང་ཚོའི་ངོས་ནས་ཇོ་ནང་ལ་ད་དུང་ཆོས་བརྒྱུད་སྤྱི་མཚུངས་ཀྱི་ཐོབ་ཐང་ཆ་ཚང་རྩ་བ་ནས་ཐོབ་ཡོད་པ་མ་རེད་ཅེས་གསལ་བཤད་བྱེད་རྒྱུ་ཡིན་ལ། ཆོས་བརྒྱུད་ཀྱི་ཐོབ་ཐང་ག་རེ་རག་ཡོད་པ་མ་རེད་ཟེར་ན། རང་གཞུང་གི་བཅའ་ཁྲིམས་ནང་གསལ་བ་ལྟར་ཆོས་བརྒྱུད་ཁག་ཚང་མ་འདྲ་མཉམ་ཡིན་ཞེས་པའི་ཆ་རྐྱེན་བཏོན་ཡོད་ཀྱང་། ཆ་རྐྱེན་དེ་ཇོ་ནང་ལ་ཚང་གི་མེད་དུས། རང་གཞུང་གིས་ཆོས་ལུགས་དང་འབྲེལ་བའི་བགྲོ་གླེང་ཚོགས་འདུ་ཆེ་ཆུང་གང་ཡིན་ཡང་། དེའི་ནང་ཇོ་ནང་རྩ་བ་ནས་ཡོང་ཐུབ་ཀྱི་ཡོད་པ་མ་རེད་ལ། དེ་བཞིན་སྤྱི་ཚོགས་ནང་དུ་ཇོ་ནང་ཆོས་བརྒྱུད་སྐོར་ལ་ཤེས་རྟོག་རྩ་བ་ཡོང་གི་ཡོད་པ་མ་རེད། དེ་མེད་པའི་རྒྱུ་མཚན་གཅིག་ནས་བཙན་བྱོལ་སློབ་གྲྭ་ཁག་གི་སློབ་དེབ་ནང་ཡིན་ནའང་ཇོ་ནང་ཆོས་བརྒྱུད་སྐོར་མེད་པ་དང་། གཉིས་ནས་ཆོས་ལུགས་འབྲེལ་བའི་རང་གཞུང་གི་གསུང་བཤད་བགྲོ་གླེང་ཚོགས་འདུ་ཆེ་ཆུང་གང་ཡིན་ཡང་།ཆོས་བརྒྱུད་ཆེན་པོ་བཞི་དང་གཡུང་དྲུང་བོན་ཟེར་བའི་ཁ་བྱང་གི་ཐོག་ནས་ཆོས་བརྒྱུད་ཁག་ཚང་མ་མཉམ་ཞུགས་ཐུབ་ཀྱི་ཡོད་ཀྱང་། ཇོ་ནང་ཆོས་བརྒྱུད་ཀྱི་མིང་སླེབས་མྱོང་ཡོད་པ་མ་རེད། དེ་འདྲའི་རྒྱུ་མཚན་དང་དཀའ་ངལ་མང་པོ་ཞིག་གི་འོག་ནས། ཕྱི་ལོ་༡༩༩༧ རྗེས་ཀྱི་འདས་པའི་ལོ་ངོ་༢༠ རིང་ལ་ཇོ་ནང་ལ་ཆོས་བརྒྱུད་ལའང་ཆོས་བརྒྱུད་སྤྱི་མཚུངས་ཀྱི་ཐོབ་ཐང་དགོས་པའི་ཞུ་སྙན་མང་པོ་ཕུལ་བ་རེད། ཡིན་ནའང་ད་ཆར་ད་དུང་ཇོ་ནང་ལ་ཆོས་བརྒྱུད་སྤྱི་མཚུངས་ཀྱི་ཐོབ་ཐང་ཆ་ཚང་ཐོབ་ཡོད་པ་མ་རེད། དེར་བརྟེན་དེ་རིང་གི་ཚོགས་འདུའི་ཐོག་ང་ཚོས་རང་གཞུང་ལ་མུ་མཐུད་ཇོ་ནང་ཆོས་བརྒྱུད་ལ་ཆོས་བརྒྱུད་སྤྱི་མཚུངས་ཀྱི་ཐོབ་ཐང་ཆ་ཚང་དགོས་པའི་ཞུ་གཏུགས་ག་འདྲ་བྱེད་དགོས་མིན་ཐོག་བགྲོ་གླེང་བྱེད་ཀྱི་ཡོད་པ་རེད།”ཅེས་བརྗོད་སོང་།

དེ་རྗེས་དམིགས་བསལ་སྐུ་མགྲོན་ཇོ་ནང་རྒྱལ་ཚབ་རིན་པོ་ཆེས། དཔལ་རྒྱལ་བ་ཇོ་ནང་པའི་ཆོས་བརྒྱུད་ལ་མཚོན་ནའང་ཐུན་མོང་མ་ཡིན་པའི་ཆོས་བརྒྱུད་ཅིག་ཡིན་པ་དང་། བོད་ནང་ཡིན་ན་གང་འཚམས་ཡག་པོ་ཡོད་ཀྱང་། རྒྱ་གར་དུ་རྒྱལ་བ་ཇོ་ནང་པའི་ཆོས་བརྒྱུད་ཧ་ཅང་ཉམས་ཆུང་བ་དང་། ཐ་ན་མང་ཚོགས་ཀྱིས་ཀྱང་ངོ་མིཤེས་པ་ལྟ་བུའི་གནས་སྟངས་ཤིག་ཆགས་ཡོད་པར་མ་ཟད། ད་ལྟ་ཇོ་ནང་ཆོས་བརྒྱུད་འཛིན་སྐྱོང་སྤེལ་གསུམ་གྱི་ཐད་ལ་དཀའ་ངལ་མང་པོ་འཕྲད་བཞིན་ཡོད་པ་རེད། སྤྱིར་མི་སུ་དང་སུ་ཡིན་ནའང་དཀའ་ངལ་དེ་སོ་སོ་རང་སྟེང་ལ་མ་སླེབས་བར་དུ་དེ་ངེས་ཤེས་ཡོང་རྒྱུ་ཁག་པོ་ཡིན་པ་དང་། སྤྱི་སྒེར་གང་ཡིན་ཡང་སྤྱི་ཚོགས་ནང་གནས་དགོས་ཀྱི་ཡོད་དུས།དེ་ལ་ཕྱི་ནང་གི་ཆ་རྐྱེན་མང་པོ་ཞིག་འཛོམས་དགོས་པ་དང་། ཆ་རྐྱེན་དེ་དག་འཛོམ་པ་ལ་ཚང་མར་ཐོབ་ཐང་ཆ་ཚང་ཞིག་མེད་པ་ཡིན་ན།འདྲ་མཉམ་མ་ཡོང་བ་དང་གནས་མི་ཐུབ་པའི་གནས་སྟངས་ཤིག་རང་བཞིན་གྱིས་ཆགས་ཀྱི་ཡོད་སྟབས།ཇོ་ནང་བའི་ངོས་ནས་གང་ཐུབ་ཐུབ་ཀྱིས་ཇོ་ནང་ཆོས་བརྒྱུད་འཛིན་སྐྱོང་སྤེལ་གསུམ་ཐུབ་དགོས་ཀྱི་ཡོད་དུས།ཇོ་ནང་ལའང་ཆོས་བརྒྱུད་སྤྱི་མཚུངས་ཀྱི་ཐོབ་ཐང་འཐོབ་པ་ཡིན་ན།རྒྱལ་བ་ཇོ་ནང་བའི་བསྟན་པ་འཛིན་སྐྱོང་སྤེལ་གསུམ་ལ་ཕན་གྱི་ཡོད་པ་རེད་ལ། བོད་ཆོལ་ཁ་གསུམ་གཙོས་པའི་ཆོས་བརྒྱུད་ཁག་ཚང་མ་མཐུན་སྒྲིལ་གྱི་ལམ་དུ་ཡོང་གི་རེད།དེ་བཞིན་༧རྒྱལ་བ་ཐམས་ཅད་མཁྱེན་པ་བསྟན་པའི་བདག་པོ་ཁོང་ཉིད་ཡིན་ནའང་ཆོས་ལུགས་རིས་མེད་དང་། ཆོས་བརྒྱུད་སྤྱི་མཚུངས་ཀྱི་ཐོག་ནས། བོད་གངས་ཅན་གྱི་བསྟན་པ་དེ་ཉམས་པ་སླར་གསོ་དང་མི་ཉམས་རྒྱུན་འཛིན་དགོས་པའི་བཀའ་སློབ་ཕེབས་བཞིན་ཡོད་སྐོར་སོགས་གསུངས་སོང་།

དེ་རྗེས་སྐུ་མགྲོན་གཙོ་བོ་ཆོས་རིག་བཀའ་བློན་གཡུ་ཐོག་ཀརྨ་དགེ་ལེགས་ཀྱིས། དཔལ་རྒྱལ་བ་ཇོ་ནང་པའི་བསྟན་པ་དེ་མདོ་སྔགས་ཟུང་འབྲེལ་སོགས་གང་ས་ཅི་ཐད་ནས་ཁུངས་ལུང་ཚང་མ་ཆོས་བརྒྱུད་གཞན་རྣམས་དང་གཅིག་མཚུངས་སུ་ཡོད་པ་དང་། སྤྱིར་ཇོ་ནང་གི་ལྟ་གྲུབ་དང་། ཁྱད་པར་ཕར་ཕྱིན་སྐབས་སུ་རྟག་བརྟན་འགྱུར་མེད་ཀྱི་ལྟ་གྲུབ་དང་། གསང་སྔགས་ཀྱི་སྐབས་སུ་དཔལ་དུས་ཀྱི་འཁོར་ལོའི་སྦྱོར་དྲུག་གི་ཉམས་ལེན་ལྟ་བུ་ནི་ཇོ་ནང་པའི་ཐུན་མོང་མ་ཡིན་པའི་བཞེད་སྲོལ་ཡིན་པ་གསུངས་སོང་ལ། དེ་བཞིན་ཁོང་གིས་བོད་མདོ་སྨད་ཁུལ་དུ་ཇོ་ནང་གི་བསྟན་པ་དར་ཁྱབ་ཆེན་པོ་བྱུང་ཡོད་ཀྱང་། ས་ཁུལ་གཞན་ནང་དེ་ཙམ་དར་ཁྱབ་བྱུང་ཐུབ་མེད་པ་དང་། ལྷག་པར་དུ་བཙན་བྱོལ་ནང་སླེབས་རྗེས་ཇོ་ནང་ཆོས་བརྒྱུད་དར་ཁྱབ་བྱུང་བ་ཧ་ཅང་ཉུང་ཉུང་དང་ཧ་ལམ་མེད་པ་ལྟ་བུ་ཆགས་པ་མ་གཏོགས། ཤེས་རིག་དང་ཆོས་རིག་ནས་སློབ་གྲྭ་ཁག་གི་ཀློག་དེབ་ནང་ཇོ་ནང་ཆོས་བརྒྱུད་ཀྱི་སྐོར་མ་བཞག་པར་རྩིས་མེད་དང་སྣང་མེད་བཏང་བ་མིན་སྐོར་དུ།“སྔོན་མ་སོ་སོ་བོད་ཁྱིམ་སློབ་གྲྭ་ནས་ཡོང་བ་ཞིག་རེད། སློབ་གྲྭའི་ནང་གི་སློབ་དེབ་དེ་ཚོའི་ནང་བོད་ཀྱི་གྲུབ་མཐའ་ཁག་བརྒྱད་དགུ་ཞིག་མར་བགྲང་བའི་ནང་། ཇོ་ནང་ཞེས་ལོ་རྒྱུས་རྒྱས་པོ་དེ་འདྲ་ཡོད་མ་རེད་དེ། ཐུང་ཐུང་དེ་འདྲ་ཡོད་རེད། དེའི་ནང་ཇོ་ནང་དང་། ཞི་བྱེད། བོ་དོང་། བོ་ལུགས་ཟེར་བ་དེ་དག་ཚང་མ་གྲུབ་མཐའི་ནང་མར་བགྲང་ནས་ཀློག་དེབ་ནང་འཁོད་ཡོད་རེད། དེ་དུས་ཀྱི་ཀློག་དེབ་ཁག་ང་རང་ཚོའི་ཆོས་བརྒྱུད་ཁག་ནས་འདེམས་སྒྲུག་བྱས་པའི་ཚོགས་ཆུང་གིས་བསྒྲིགས་པ་རེད། དེར་བརྟེན་སྣང་ཆུང་དང་བརྩིས་མེད་བཏང་བ་དེ་འདྲ་ཡིན་ས་མ་རེད། ཡིན་ཡང་སྲིད་ཀྱི་མ་རེད།”ཅེས་གསུངས་སོང་།

དེ་བཞིན་ཁོང་གིས་“སྐབས་སུ་བབ་པའི་སྐུ་ངལ་འདྲ་པོ་ཁག་ཅིག་འཕྲད་ཡོད་རེད། དེ་དག་ཚང་མ་གསལ་པོ་ཞེ་དྲག་ཤེས་ཀྱི་ཡོད། སོ་སོ་ཡིན་ན་ཡང་དེ་དག་ལ་བསམ་བློའི་ཐོག་ནས་གོ་རྟོགས་དང་རྒྱབ་སྐྱོར་ཆ་ཚང་ཡོད། ཚང་མས་མཁྱེན་གསལ་རེད། གང་ཟག་གི་དབང་སྒྱུར་དང་ཁྲིམས་ཀྱི་དབང་སྒྱུར་ཟེར་བ་ལྟར་དགུ་བཅུ་གོ་གྲངས་དང་། དེ་ནས་མར་༢༠༠༠ ལོ་ཙམ་ནས་ཧ་ལམ་ཁྲིམས་ཀྱི་དབང་སྒྱུར་དེ་ཧ་ཅང་ཤུགས་ཆེན་པོ་ཆགས་དུས། ཁྲིམས་དེ་སྐྱོང་མཁན་ནམ་འགན་འཁུར་མཁན་གྱི་མི་དེ་ཚོར་བསམ་བློ་འཁོར་བ་དང་། གོ་རྟོགས་ཐོབ་ཡོད་པ་རེད་དེ། དངོས་སུ་སྒྱུར་བཅོས་གཏོང་དགོས་བྱུང་ན། གཏན་ལ་ཕབ་ཟིན་པའི་ཁྲིམས་སྒྲིག་བཟོ་བཅོས་མ་གཏོང་བར་བྱེད་ཆོག་ཆོག་ཅིག་མེད་པའི་གནས་སྟངས་ཤིག་ཆགས་ཀྱི་ཡོད་རེད། དེའི་ཆ་ནས་རང་བཞིན་གྱིས་དཀའ་ངལ་ཟེར་ན་རེད། གནས་སྟངས་ཤིག་ཆགས་ཡོང་གི་ཡོད་རེད། ཡག་པོ་ག་རེ་ཡིན་ན་དེའི་མཉམ་དུ་གྲིབ་ནག་འདྲ་པོ་དཀའ་ངལ་རེ་རེ་ཡོང་གི་ཡོད་རེད། དེ་ཆོས་ཉིད་འདྲ་པོ་རེད། དེར་བརྟེན་ཁྲིམས་ཀྱི་ཐོག་ནས་གཅིག་ཆགས་པ་རེད་མ་གཏོགས་དེ་ལ་ཁ་གཡར་ཏེ་བདག་པོ་མ་རྒྱག་པ་ཞིག་ཡིན་པ་སོ་སོ་ཡིན་ན་རྩ་བ་ནས་མཐོང་གི་མེད།”ཅེས་གསུངས་སོང་།

ཡང་ཁོང་གིས་“ང་ཚོས་དབྱེ་བ་ཕྱེ་དགོས་འདུག དགའ་མི་དགའ་བྱས་ནས་དེ་འདྲ་བྱས་ན་དཀའ་ལས་ཁག་ཏུ་འགྲོ་རྒྱུ་ཞིག་མ་གཏོགས་མེད་དུས། དེ་ལས་ཞི་འཇམ་དང་རྒྱུ་མཚན་འགྲོ་ས་ཡོད་པའི་ཐོག་ནས་མི་དང་མིའི་བར་སྐད་ཆ་བཤད་ཕྱོགས་ཀྱི་ཐོག་ཕྱིན་པ་ཡིན་ན། སྔ་ཕྱི་མ་གཏོགས་དཀའ་ངལ་ག་རེ་ཡིན་ན་ཡང་ཏན་ཏན་སེལ་གྱི་རེད་བསམ་པའི་ཡིད་ཆེས་ཡོད། ལྷག་པར་དུ་ད་ལྟ་གནས་ཚུལ་གཉིས་གསལ་པོ་བྱས་ནས་དབྱེ་བ་ཕྱེ་དགོས་ཀྱི་ཡོད་རེད། ད་ལྟ་ཆོས་བརྒྱུད་སྤྱི་འཐུས་ཀྱི་ཞབས་སྟེགས་ཟེར་བ་དེ་སྔོན་མ་བཀའ་ཤག་སྔོན་མའི་སྐབས་ཤིག་ལ་གྲོས་ཚོགས་ནང་ཡན་ཆད་ནས། བཅའ་ཁྲིམས་ནང་ལ་འགྱུར་བ་མ་ཕྱིན་གྱི་བར་དུ་གཞན་དག་ག་རེའི་ཐོག་ནས་འགྱུར་བ་འགྲོ་ཐུབ་ཀྱི་མ་རེད། དེ་ལ་བརྟེན་ཡོད་རེད་ཟེར་བའི་འགྲེལ་བཤད་དང་གསལ་བཤད་འདྲ་པོ་ཕྱིན་འདུག”ཅེས་དང་།“བཅའ་ཁྲིམས་ནང་ལོགས་ལ་ཆོས་བརྒྱུད་བཞིའི་མིང་དང་གཡུང་དྲུང་བོན་ཟེར་འཁོད་བསྡད་པ་དེ་བོད་ཀྱི་ཆོས་བརྒྱུད་ག་རེ་ག་རེ་ངོས་འཛིན་ཡོད་མེད་སྐོར་མ་རེད་ལ། ཆོས་བརྒྱུད་ག་རེ་དང་ག་རེ་བོད་གཞུང་དང་བོད་མིའི་སྒྲིག་འཛུགས་ཀྱིས་བདག་པོ་བརྒྱབས་ནས་ལྟ་སྐྱོང་བྱེད་དགོས་མིན་ཡང་མ་རེད། དེ་སྤྱི་འཐུས་ལྷན་ཚོགས་ཀྱི་གྲུབ་ཆའི་ནང་ལོགས་ལ་ཆོས་སྲིད་ཟུང་འབྲེལ་དེ་མུ་མཐུད་ནས་གནང་གི་ཡིན་གསུང་དུས། སྤྱི་འཐུས་ལྷན་ཚོགས་ཀྱི་གྲུབ་ཆའི་ནང་ཆོས་བརྒྱུད་ཀྱི་སྐུ་ཚབ་དེ་གཏན་འབེབ་བྱུང་བ་ཞིག་རེད་མ་གཏོགས། དེའི་ནང་མེད་ན་ཆོས་བརྒྱུད་ལ་ངོས་འཛིན་མེད་པ་དང་། འཛིན་སྐྱོང་གི་ངོས་ནས་ཀྱང་ལྟ་རྟོག་མ་བྱས་ན་འགྲིག་པའི་བཟོ་དེ་འདྲ་རྩ་བ་ནས་མ་རེད།”ཅེས་གསུངས་སོང་།

མཇུག་ཏུ་ཁོང་གིས་ཆོས་བརྒྱུད་ཆེན་པོ་བཞི་གཡུང་དྲུང་བོན་ཟེར་བ་དེ་ཡང་བཅའ་ཁྲིམས་ལྟར་ཁ་རྒྱུན་དུ་སོང་བ་ཞིག་ལས་དེར་ཞིབ་འཇུག་བྱས་ན་སྔོན་ནས་ཡོད་ཅིང་ཁུངས་གཏུགས་ས་ཡོད་པའི་ལོ་རྒྱུས་ཤིག་མིན་པ་དང་། གྲོས་ཚོགས་སྒོ་འགྲམ་དུ་བཞུགས་པ་ལྟ་བུའི་ལས་འགུལ་རྣམས་ནང་དོན་གྱི་ཆ་ནས་མ་འགྲིག་མིན་ཡང་། བྱེད་ཕྱོགས་ཀྱི་དབང་གིས་ཕན་ཐོགས་མེད་པ་མཐོང་བྱུང་བ་དང་། གཞན་ཡང་གྲོས་མོལ་དང་ཞི་འཇམ་ཐོག་རྒྱུ་མཚན་ཉན་བཤད་ཀྱི་སྒོ་ནས་འབད་བརྩོན་བྱས་ན་སྔ་ཕྱི་མ་གཏོགས་གྲུབ་འབྲས་ཐོབ་ངེས་སྐོར་སོགས་གསུངས་སོང་།།

གསར་འགོད་པ་བཀྲ་ཤིས་དོན་གྲུབ།

Print Friendly, PDF & Email
Share on Facebook0Tweet about this on TwitterShare on Google+0Share on LinkedIn0Email this to someone
0 commentsViews: 462

Leave a Reply