ཉི་ཧོང་གི་གྲོས་ཚོགས་རྩ་གྲོལ་བཏང་འདུག

ཉི་ཧོང་གི་སྲིད་བློན་ཤིན་ཛོ་ཨ་བྷི་ཡིས། ཉི་ཧོང་གི་སྔ་སྣུར་བཏང་བའི་རྒྱལ་ཡོངས་གྲོས་ཚོགས་འོས་བསྡུ་སླེབས་ལ་ཉེ་བ་དང་བསྟུན་ནས། གྲོས་ཚོགས་འོག་མ་རྩ་གྲོལ་བཏང་འདུག

ཟླ་༩ པའི་ཚེས་༢༨ ཉིན་རྒྱལ་སྤྱིའི་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་གསལ། ཟླ་༩ པའི་ཚེས་༢༥ ཉིན་ཉི་ཧོང་གི་སྲིད་བློན་ཤིན་ཛོ་ཨ་བྷི་ཡིས། བྱང་ཀོ་རི་ཡ་ནས་ཉི་ཧོང་ལ་ཉེན་ཁ་ཆེ་རུ་འགྲོ་བཞིན་པའི་གཉན་འཕྲང་གི་དུས་ཚོད་འདིར། མདུན་བསྐྱོད་བྱེད་པར་ཁོང་ལ་མི་མང་གི་རྒྱབ་སྐྱོར་གྱི་དབང་ཚད་གསར་པ་དགོས་སྐོར་བརྗོད་ནས། ལོ་རྗེས་མར་གཏན་འཁེལ་བའི་རྒྱལ་ཡོངས་གྲོས་ཚོགས་འོས་བསྡུ་དེ་ལོ་གཅིག་གི་སྔ་སྣུར་གཏོང་རྒྱུ་ཡིན་པའི་གསལ་བསྒྲགས་བྱས་ཡོད་པ་རེད། དེ་རྗེས་ཟླ་༩ པའི་ཚེས་༢༨ ཉིན་གྲོས་ཚོགས་འོག་མ་རྩ་གྲོལ་བཏང་ཡོད་པ་རེད་འདུག ཁོང་གིས་གྲོས་ཚོགས་རྩ་གྲོལ་གཏོང་དགོས་པའི་རྒྱུ་མཚན་ནི།ཁོང་ལ་སྐྱོན་བརྗོད་ཡོང་ཐབས་མེད་པ་བཟོ་ཆེད་མིན་སྐོར་བརྗོད་ཡོད་འདུག

ལོ་འདིའི་འགོ་སྟོད་དུ་སྲིད་བློན་ཨ་བྷི་ཡིས་ཁོང་དང་འབྲེལ་བ་ཡོད་པའི་མི་རྣམས་ཀྱི་ལག་ཁྱེར་སོགས་ལ་མ་བསྟུན་པར། ལས་གནས་ལ་བསྐོ་གཞག་བྱས་པའི་སྐྱོན་བརྗོད་བྱུང་ཡོད་པ་དང་། དེ་བཞིན་ཁོང་གི་སྲིད་ཇུས་ཁག་ཅིག་ལ་ཡང་སྐྱོན་བརྗོད་བྱུང་ནས། རྒྱལ་ནང་དུ་ཁོང་ལ་རྒྱབ་སྐྱོར་གྱི་བརྒྱ་ཆ་༣༠ ལས་ཉུང་བ་མར་ཟགས་ཡོད་འདུག་ཀྱང་། ཟླ་༩ པའི་ནང་བྱང་ཀོ་རི་ཡས་མེ་ཤུགས་འཕུར་མདའ་ཉི་ཧོང་གི་མཁའ་ལམ་བརྒྱུད་བཏང་ཡོད་པར། ཁོང་གིས་ལངས་ཕྱོགས་བརྟན་པོ་བཟུང་ནས་རྒོལ་ལན་སློག་པར་བརྟེན། རྒྱལ་ནང་དུ་ཁོང་གི་རྒྱབ་སྐྱོར་བརྒྱ་ཆ་༥༠ ཡི་སྒང་ལ་ཡར་འཕར་ཡོད་འདུག

དཔྱད་བརྗོད་པ་ཚོས་ད་ལྟའི་ཆར་ཕྱོགས་འགལ་ཚོགས་པར་མི་མང་ནང་རྒྱབ་སྐྱོར་སྐྱོ་པོ་དང་། རང་ཉིད་ལ་རྒྱབ་སྐྱོར་ཤུགས་ཆེན་པོ་ཡོད་པའི་གོ་སྐབས་དང་བསྟུན་ནས། འོས་བསྡུ་སྔ་སྣུར་བྱས་པ་ཡིན་པའི་མཐོང་ཚུལ་བརྗོད་བཞིན་འདུག

ཁོང་གི་སྲིད་དོན་ཚོགས་པའི་ཕྱོགས་འགལ་སྲིད་དོན་ཚོགས་པ་མང་གཙོ་ཚོགས་པ་ཉམས་རྒུད་འགྲོ་བཞིན་ཡོད་ཀྱང་། ཟླ་༩ པའི་ཚེས་༢༧ ཉིན་གསར་དུ་སྒོ་འབྱེད་བྱས་པའི་རྙིང་ཞེན་གྱི་ལངས་ཕྱོགས་འཛིན་མཁན་རེ་བ་ཚོགས་པ་ཞེས་པ་དེར། རྒྱབ་སྐྱོར་དང་དོ་སྣང་ཆེ་རུ་འགྲོ་བཞིན་ཡོད་འདུག་པ་དང་། དེའི་འགོ་ཁྲིད་གཙོ་བོ་ནི་ཉི་ཧོང་གི་རྒྱལ་ས་ཀྲོག་ཡོའི་བུད་མེད་སྤྱི་ཁྱབ་ཐོག་མར་དང་བརྙན་འཕྲིན་ནང་གསར་འགྱུར་སྒྲོག་སྦྱངས་པ་ཟུར་པ་ཡུ་རི་ཀོ་ཀོའི་ཀེ་ཡིན་འདུག་པ་མ་ཟད། ཕྱོགས་འགལ་སྲིད་དོན་ཚོགས་པ་གཙོ་བོ་མང་གཙོ་ཚོགས་པའི་གྲོས་ཚོགས་འཐུས་མི་ཁག་ཅིག སྔོན་ནས་ཚོགས་པ་གསར་པ་དེར་ཕར་འཛུལ་ཟིན་ཡོད་འདུག་པ་དང་། ཟླ་༩ པའི་ཚེས་༢༨ ཉིན་མང་གཙོ་ཚོགས་པའི་འགོ་ཁྲིད་ཀྱིས་ཚོགས་མི་རྣམས་ལ། ཚོགས་པ་དེ་རེ་བ་ཚོགས་པ་དང་ཟླ་སྒྲིལ་བཏང་ནས། སྲིད་དོན་ཚོགས་པ་དེའི་གྲོས་ཚོགས་འཐུས་མིའི་འོས་མི་ཚང་མ། རེ་བ་ཚོགས་པའི་མིང་ཐོག་ནས་འོས་བསྡུའི་འགྲན་ཞུགས་བྱས་ཏེ། སྲིད་བློན་ཨ་བྷི་ལ་ཁ་གཏད་གཅོག་རྒྱུའི་གྲོས་བཏོན་ཡོད་འདུག

སྔ་སྣུར་བཏང་བའི་རྒྱལ་ཡོངས་གྲོས་ཚོགས་འོས་བསྡུ་དེ་ཟླ་༡༠ པའི་ཚེས་༢༢ ཉིན་གཏན་འཁེལ་ཡོད་པ་རེད་འདུག །

གསར་འགོད་པ་སྐལ་བཟང་དོན་གྲུབ།

Print Friendly, PDF & Email
Share on Facebook0Tweet about this on TwitterShare on Google+0Share on LinkedIn0Email this to someone
0 commentsViews: 863

Leave a Reply