ཉིན་༡༠༠ ཚང་རྗེས་རྡོ་རྗེ་གླིང་གི་ངོ་རྒོལ་ལས་འགུལ་མཚམས་འཇོག

རྡོ་རྗེ་གླིང་གི་ས་གནས་མི་མང་ཕལ་མོ་ཆེས་བློ་སེམས་འགྱུར་མེད་ངང་ཟུར་དུ་མངའ་སྡེ་ཞིག་རག་པར་རྒྱབ་སྐྱོར་བྱེད་བཞིན་ཡོད་ཀྱང་། རྒྱ་གར་གཞུང་གིས་དེ་ལྟར་ཡོང་བར་འགན་ལེན་གསལ་པོ་ཞིག་མེད་སྟབས། མི་རིང་བར་ཁོ་རང་ཚོའི་དགོས་འདུན་འགྲུབ་རྒྱུར་ཡིད་ཆེས་བྱེད་དཀའ་བར་ཆགས་ཡོད་འདུག

སྦི་སྦི་སི་གསར་ཁང་གིས་གནས་ཚུལ་སྤེལ་གསལ་ལྟར་ན། ཕྱི་ཟླ་༩ པའི་ཕྱི་ཚེས་༢༧ ཉིན་གྱི་ཞོགས་པ་རྒྱ་གར་གྱི་ཆུ་ཚོད་༦ པའི་ཐོག རྡོ་རྗེ་གླིང་དུ་ངོ་རྒོལ་ལས་འགུལ་འགོ་རྩོམ་མཁན་གོར་ཁ་( Gorkha Janmukti Morch ) ཞེས་པའི་ཆབ་སྲིད་ཚོགས་པས་ངོ་རྒོལ་ལས་འགུལ་མཚམས་འཇོག་བྱེད་ཀྱི་ཡོད་པའི་བསྒྲགས་གཏམ་ཞིག་སྤེལ་ཡོད་འདུག་ཅིང་། དེ་ནི་རྒྱ་གར་ནང་སྲིད་བློན་ཆེན་གྱིས་ལས་འགུལ་མཚམས་འཇོག་བྱེད་རྒྱུའི་ཞུ་འབོད་གནང་བའི་རྗེས་སུ་བྱས་པ་ཞིག་ཡིན་སྐོར་བརྗོད་འདུག

དེ་སྔོན་ནུབ་བྷེང་གྷལ་མངའ་སྡེ་གཞུང་གིས་ཁོ་རང་ཚོའི་མངའ་སྡེའི་ནང་གི་སློབ་གྲྭ་ཚང་མས་བྷེང་གྷལ་ལིའི་སྐད་ཡིག་དེ་ཡིན་གཅིག་མིན་གཉིས་སློབ་ཚན་དུ་འཇོག་དགོས་པ་བཟོ་རྒྱུའི་ཐག་གཅོད་བྱུང་ཡོད་པ་དང་། དེ་ལ་བརྟེན་ནས་ངོ་རྒོལ་ལས་འགུལ་འདི་བྱུང་བ་ཞིག་ཡིན་འདུག་ལ། ངོ་རྒོལ་གྱི་ནང་གོར་ཁའི་ཆབ་སྲིད་ཚོགས་པས་བལ་པོའི་སྐད་རྒྱག་མཁན་གོར་ཁ་བ་རྣམས་ལ་མངའ་སྡེ་ཞིག་ཟུར་དུ་སྤྲོད་རྒྱུའི་དགོས་འདུན་བཏོན་ཡོད་པ་རེད།

ད་ཐེངས་ཉིན་༡༠༠ རིང་གི་ངོ་རྒོལ་ལས་འགུལ་ལ་བརྟེན་ནས་སྐད་གྲགས་ཆེ་བའི་རྡོ་རྗེ་གླིང་ཇ་ཡི་བཟོ་ལས་ཐོན་སྐྱེད་ཀྱི་གཞིས་ཀ་དང་། ཁུལ་དེའི་ཡུལ་སྐོར་སྤྲོ་འཆམ་ལ་བརྟེན་ནས་བྱུང་བའི་ཡོང་སྒོ་བཅས་ལ་བརྡབ་གསིག་བྱུང་ཡོད་འདུག་པ་མ་ཟད། ད་བར་ངོ་རྒོལ་ལས་འགུལ་དེ་མུ་མཐུད་པ་ལ་བརྟེན་ནས་ཇ་དང་ཡུལ་སྐོར་སྤྲོ་འཆམ་གྱི་ཡོང་འབབ་ལ་བརྟེན་པའི་ས་གནས་ཀྱི་འཚོ་བ་ལ་ཤུགས་རྐྱེན་ཚབས་ཆེན་འབྱུང་འགོ་བཙུགས་ཡོད་འདུག ཇ་བཟོ་གྲྭའི་ནང་གཏན་འཇགས་དང་གནས་སྐབས་རིང་ལས་ཀ་བྱེད་མཁན་ལས་མི་༡༠༠,༠༠༠ ཙམ་ཡོད་པ་རེད་འདུག

ཚོང་ཁང་རྣམས་སྒོ་ཕྱེ་བར་བཀག་སྡོམ་བྱེད་མིན་ལ་མ་ལྟོས་པར་ཚོང་ཁང་བདག་པོ་མང་པོ་ཞིག་གིས་བདུན་ཕྲག་གཅིག་གི་གོང་ནས་བཀག་སྡོམ་ལ་ངོ་རྒོལ་དུ་ཡང་བསྐྱར་ཚོང་ཁང་རྣམས་སྒོ་ཕྱེས་ཡོད་པ་རེད། གོར་ཁའི་ཆབ་སྲིད་ཚོགས་པ་(GJM) ཞེས་པའི་མགྲིན་ཚབ་པ་ཞིག་གིས་“ཐག་གཅོད་འདི་ནི་རྒྱ་གར་ནང་སྲིད་བློན་ཆེན་རཱ་ཇི་ན་ཐི་སིན་གྱི་ངོ་རྒོལ་ལས་འགུལ་ཕྱིར་འཐེན་བྱ་རྒྱུའི་ཞུ་འབོད་ཀྱི་རྗེས་སུ་བྱུང་བ་ཞིག་རེད་”ཅེས་དང་། དེ་བཞིན་ཁོང་གིས་དཀའ་ངལ་སེལ་ཐབས་ཀྱི་ལམ་ཁ་ནི་གྲོས་མོལ་རང་ཡིན་པ་རྒྱ་གར་ནང་སྲིད་བློན་ཆེན་གྱིས་གསུང་སྐོར་བརྗོད་ཡོད་འདུག

ད་ལྟའི་ཆར་རྡོ་རྗེ་གླིང་གི་ཚོང་ཁང་ཕལ་མོ་ཆེ་ཡང་བསྐྱར་སྒོ་ཕྱེས་ཡོད་པ་དང་། མི་མང་ཧ་ཅང་མང་པོ་ཚོང་ཁང་དུ་འགྲོ་བཞིན་ཡོད་ཅིང་། དེ་ནི་ངོ་རྒོལ་ལས་འགུལ་མཚམས་འཇོག་བྱས་པ་ལ་བརྟེན་ནས་ངལ་དུབ་སེལ་བའི་རྣམ་པ་ཞིག་ཡིན་པའི་རྟགས་མཚན་ཡིན་སྐོར་འདུག
རྡོ་རྗེ་གླིང་ས་གནས་སུ་སྔར་རྒྱུན་གྱི་གནས་སྟངས་ལྟར་འབྱུང་བར་ས་གནས་མང་ཚོགས་དགའ་པོ་བྱེད་མཁན་མང་པོ་ཡོད་འདུག་ཀྱང་བློ་ཕམ་བྱེད་མཁན་ཡང་མང་པོ་ཡོད་འདུག བློ་ཕམ་བྱེད་དགོས་དོན་ནི་ད་བར་ཟླ་ངོ་གསུམ་ལྷག་རིང་གི་ངོ་རྒོལ་ལས་འགུལ་ལ་རྒྱབ་སྐྱོར་དུ་མི་མང་གིས་དཀའ་སྡུག་མྱོང་བ་དང་། བློས་གཏོང་བྱས་པ་ལ་བརྟེན་ནས་འགྱུར་བ་ཤུགས་ཆེན་པོ་གང་ཡང་བྱུང་མ་ཐུབ་སྟབས་ཡིན་འདུག

ས་གནས་ཀྱི་མང་ཚོགས་ཕལ་མོ་ཆེས་བློ་སེམས་འགྱུར་མེད་ངང་ཟུར་དུ་མངའ་སྡེ་ཞིག་རག་པར་རྒྱབ་སྐྱོར་བྱེད་བཞིན་ཡོད་ཀྱང་། རྒྱ་གར་གཞུང་གིས་དེ་ལྟར་ཡོང་བར་འགན་ལེན་གསལ་པོ་ཞིག་མེད་སྟབས། ཁོ་རང་ཚོའི་དགོས་འདུན་མི་རིང་བར་འགྲུབ་རྒྱུར་ཡིད་ཆེས་བྱེད་དཀའ་བར་ཆགས་ཡོད་འདུག །
གསར་འགོད་པ་བཀྲ་ཤིས་དོན་གྲུབ།

Print Friendly, PDF & Email
Share on Facebook0Tweet about this on TwitterShare on Google+0Share on LinkedIn0Email this to someone
0 commentsViews: 308

Leave a Reply