ཀེམ་བྷོ་ཌི་ཡའི་རང་དབང་གསར་ཁང་ཆེ་ཤོས་སྒོ་བརྒྱབ་དགོས་བྱུང་འདུག

ཨེ་ཤི་ཡའི་རྒྱལ་ཁབ་ཀེམ་བྷོ་ཌི་ཡའི་སྲིད་གཞུང་གིས། རྒྱལ་ནང་དུ་རང་དབང་གི་གསར་ཤོག་དང་རླུང་འཕྲིན་ཁང་མང་པོ་ཞིག་སྒོ་རྒྱག་དགོས་པའི་གནོན་ཤུགས་སྤྲོད་བཞིན་པའི་ཁྲོད། ཆེ་མཐོང་ལྡན་པའི་གསར་ཤོག་ཆེ་ཤོས་ཤིག་གཞུང་གི་གནོན་ཤུགས་དང་ཆབ་སྲིད་ཀྱི་ཐབས་བྱུས་འོག་སྒོ་བརྒྱབ་དགོས་འཁེལ་ཡོད་པ་རེད་འདུག

ཟླ་༩ པའི་ཚེས་༤ ཉིན་རྒྱལ་སྤྱིའི་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་གསལ། ཕྱི་ལོ་༡༡༩༣ ལོར་འགོ་འཛུགས་བྱས་པའི་དབྱིན་ཡིག་གི་ཀེམ་བྷོ་ཌི་ཡའི་ཉིན་རེའི་གསར་ཤོག་དེ་ནི། རྒྱལ་ནང་དུ་གསར་ཤོག་ཕྱོགས་རིས་མེད་ཅིང་དང་སྲིད་གཞུང་གི་བྱེད་ལས་ལ་སྐྱོན་བརྗོད་དང་དཔྱད་ཞིབ་བྱེད་པར་ཐེ་ཚོམ་མེད་མཁན་གྱི་གསར་ཤོག་ཆེ་ཤོས་དེ་ཡིན་འདུག་ཀྱང་། ཉེ་བའི་ཆར་རྒྱལ་ཁབ་ཀྱི་སྲིད་བློན་ཧུན་སེན་སྲིད་གཞུང་གིས། གསར་ཤོག་དེས་ལོ་མང་རིང་གཞུང་ལ་དཔྱ་ཁྲལ་ཨ་སྒོར་ས་ཡ་༦.༣ གཡོལ་ཡོད་པས། དངུལ་ཕོན་ཆེན་དེ་མ་སྤྲད་ན་གསར་ཤོག་དེ་སྒོ་རྒྱག་དགོས་པའི་བཀའ་བཏང་ཡོད་འདུག

ཀེམ་བྷོ་ཌི་ཡའི་ཉིན་རེའི་གསར་ཤོག་གིས་ཕྱི་ལོ་༢༠༠༨ ལོ་ནས་གསར་ཁང་དེར་གྱོང་གུད་ཁོ་ན་བྱུང་ཡོད་པས། དཔྱ་ཁྲལ་ཕོན་ཆེན་དེ་འདྲ་སྤྲད་མེད་སྐོར་བརྗོད་པ་དེ་ནི། གསར་ཁང་གི་རྩིས་ཞིབ་ཀྱི་དེབ་ལ་བརྟག་དཔྱད་མ་བྱས་པར། རང་སྣང་གང་དྲན་བརྗོད་པ་དང་ཆབ་སྲིད་ཀྱི་སྐུལ་སློང་ཡོད་པ་ཞིག་ཡིན་སྐོར་བརྗོད་འདུག  དེ་བཞིན་གསར་ཤོག་ཁང་ལ་གནད་དོན་དེའི་ཐད་ཁྲིམས་ཁང་ལ་ཞུ་གཏུག་བྱ་རྒྱུའི་ཆོག་མཆན་ཡང་སྤྲད་མེད་པ་རེད་འདུག

ཕྱི་ལོ་༢༠༡༨ ལོའི་ཟླ་༧ པའི་ནང་ཀེམ་བྷོ་ཌི་ཡའི་རྒྱལ་ཡོངས་འོས་བསྡུ་བྱ་རྒྱུ་ཡིན་པས། སྲིད་བློན་ཧུན་སེན་གྱིས་རྒྱལ་ནང་དུ་ཨེ་ཤི་ཡའི་རང་དབང་རླུང་འཕྲིན་ཁང་དང་ཨ་རིའི་རླུང་འཕྲིན་ཁང་གཉིས་ཀྱི་གསར་འགྱུར་རྒྱང་བསྲིང་བྱེད་མཁན་རང་དབང་ཅན་གྱི་རླུང་འཕྲིན་ཁང་ཉུང་མཐར་༡༥ ལ།  སྒོ་རྒྱག་དགོས་པའམ་ཨ་རིའི་རླུང་འཕྲིན་ཁང་གཉིས་ཀྱི་གསར་འགྱུར་རྒྱང་བསྲིང་གཏོང་རྒྱུ་མཚམས་འཇོག་དགོས་པའི་བཀའ་བཏང་ཡོད་འདུག དེ་བཞིན་ཨ་རིའི་མང་གཙོ་ཚོགས་པ་དང་འབྲེལ་བ་ཡོད་པའི་རྒྱལ་ནང་མང་གཙོ་ལྟེ་གནས་ཁང་ཞེས་པ་དེ་ཡང་སྒོ་རྒྱག་དགོས་པའི་བཀའ་བཏང་ཡོད་འདུག དཔྱད་བརྗོད་པ་ཁག་ཅིག་གིས། སྨྲ་བརྗོད་རང་དབང་གི་ལྟེ་གནས་ཁང་དང་བརྒྱུད་ལམ་མང་པོ་ཞིག་རྩ་མེད་བཟོ་བཞིན་པ་དེ་ནི། འབྱུང་འགྱུར་གྱི་འོས་བསྡུའི་ནང་སྲིད་བློན་ཧུན་སེན་གྱི་སྲིད་གཞུང་ལ་ཁ་གཏད་པའི་སྐྱོན་བརྗོད་མི་ཡོང་ཆེད་དང་། འོས་བསྡུར་རྒྱལ་ཁ་ལེན་ཐུབ་ཆེད་ཀྱི་ཆབ་སྲིད་བྱ་སྤྱོད་ཅིག་ཡིན་པར་ངོས་འཛིན་བྱེད་བཞིན་ཡོད་འདུག

ཀེམ་བྷོ་ཌི་ཡའི་ཉིན་རེའི་གསར་ཤོག་གིས་གསར་ཤོག་འདོན་ཐེངས་མཐའ་མ་དེ་ཟླ་༩ པའི་ཚེས་༤ ཉིན་པར་སྐྲུན་བྱས་ཡོད་པ་དང་།གསར་ཤོག་དེ་སྒོ་མ་བརྒྱབ་སྔོན་དུ་གསར་ཁང་ནང་ལས་བྱེད་ཁོངས་སུ་ཀེམ་བྷོ་ཌི་ཡའི་མི་རིགས་༡༧ དང་ཕྱི་རྒྱལ་མི་རིགས་༡༧ ཡོད་པ་རེད་འདུག གསར་ཁང་གི་སྤྱི་ཁྱབ་རྩོམ་སྒྲིག་པས་སྲིད་གཞུང་གིས་རང་དབང་ཅན་གྱི་བརྒྱུད་ལམ་ཚང་མ་སྒོ་རྒྱག་ཐབས་བྱེད་བཞིན་ཡོད་སྐོར་བརྗོད་འདུག

གསར་ཁང་དེའི་གསར་འགོད་པ་ཟུར་པ་མང་པོ་ཞིག་རྒྱལ་སྤྱིའི་གསར་ཁང་ཆེ་གྲས་ཁག་ཏུ་གསར་འགོད་པ་བྱེད་བཞིན་ཡོད་འདུག་པ་དང་། མང་པོ་ཞིག་ལ་ཕུལ་བྱུང་གསར་འགོད་པའི་བྱ་དགའ་ཐོབ་ཡོད་འདུག གསར་འགོད་པ་དེ་ཚོས་གསར་ཤོག་དེ་སྒོ་བརྒྱབ་དགོས་པ་བཟོས་པར། བློ་ཕམ་དང་རྒྱལ་ནང་དུ་སྨྲ་བརྗོད་རང་དབང་གི་གནས་སྟངས་ལ་སེམས་འཚབ་ཡོད་སྐོར་བརྗོད་འདུག

ཀེམ་བྷོ་ཌི་ཡ་ནང་གསར་འགོད་རང་དབང་ལ་བཙན་གནོན་བྱེད་བཞིན་པ་དང་བསྟུན། ཟླ་༩ པའི་ཚེས་༣ ཉིན་གཞུང་འཛིན་སྲིད་གཞུང་གིས་ཕྱོགས་འགལ་ཆབ་སྲིད་ཚོགས་པ་གཙོ་བོའི་འགོ་ཁྲིད་ལ། ཨ་རིའི་གཞུང་གི་རྒྱབ་སྐྱོར་འོག་རྒྱལ་ཁབ་ཀྱི་འགོ་ཁྲིད་ལ་གནོད་སྐྱོན་གཏོང་བའི་གྲོས་ངན་བྱས་པའི་ཉེས་འཛུགས་འོག་འཛིན་བཟུང་བྱས་ཡོད་པ་རེད་འདུག །

གསར་འགོད་པ་སྐལ་བཟང་དོན་གྲུབ།

Print Friendly, PDF & Email
Share on Facebook0Tweet about this on TwitterShare on Google+0Share on LinkedIn0Email this to someone
0 commentsViews: 222

Leave a Reply