ཊོམ་གྱི་གླུ་དབྱངས་ལ་རྒྱ་ནག་གིས་བྲོ་གར་འཁྲབ་རྒྱུ་མཚམས་ཞོག་ཅེས་བྱང་ཀོ་རི་ཡས་བརྗོད་འདུག

ཉེ་བའི་ཆར་རྒྱ་ནག་གིས་ཨ་རི་དང་བྱང་ཀོ་རི་ཡའི་རྩོད་རྙོག་ཐད་བར་འདུམ་གྱི་ཚུལ་དུ་གྲོས་མོལ་བྱེད་དགོས་སྐོར་དང་། བྱང་ཀོ་རི་ཡས་རྡུལ་ཕྲན་མཚོན་ཆ་སོགས་ཚོད་ལྟ་བྱ་རྒྱུ་མཚམས་འཇོག་དགོས་པ་དང་། དེ་ལྟར་མ་བྱས་ཚེ་དཔལ་འབྱོར་གྱི་ཉེས་ཆད་གཏང་རྒྱུ་ཡིན་སྐོར་བརྗོད་ཡོད་པས། བྱང་ཀོ་རི་ཡས་རྒྱ་ནག་ལ་ཕྱོགས་གཉིས་ཀྱི་འབྲེལ་ལམ་མུ་མཐུད་ཉར་རྒྱུའི་ཞུ་བ་ནམ་ཡང་རྒྱག་གི་མ་རེད་ཅེས་སོགས་ཀྱི་རྒོལ་ལན་སློག་ཡོད་འདུག

དེ་ཡང་ཟླ་འདིའི་ཕྱི་ཚེས་༤ ཉིན་རྒྱལ་སྤྱིའི་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་གསལ་ལྟར་ན།བྱང་ཀོ་རི་ཡས་རྒྱ་ནག་ལ་ཁ་ཞེ་མི་མཚུངས་པ་དང་གཡོ་སྒྱུ་ཅན་གྱི་སྐྱོན་བརྗོད་ཐོག་མཇུག་འབྲས་ཚབས་ཆེན་ཡོང་རྒྱུ་ཡིན་པའི་ཉེན་བརྡ་ཞིག་བྱང་ཀོ་རི་ཡའི་གཞུང་འབྲེལ་བརྒྱུད་ལམ་ཐོག་བཏང་ཡོད་འདུག་ལ།

དེ་བཞིན་བྱང་ཀོ་རི་ཡའི་དྲིལ་བསྒྲགས་འགན་འཛིན་ཚོས་“

ཌོ་ནལ་ཊོམ་གྱི་རོལ་དབྱངས་ལ་རྒྱ་ནག་གིས་བྲོ་གར་འཁྲབ་རྒྱུ་མཚམས་ཞོག་”ཅེས་བསྒྲགས་ཡོད་འདུག་པ་དང་། དེ་བཞིན་ཁོང་ཚོས་ཉིན་ལྟར་རྒྱ་ནག་གིས་རྒྱུ་མཚན་མེད་པ་དང་སྣང་མེད་ཀྱི་སྐད་ཆ་བར་མ་ཆད་པར་བཤད་བཞིན་པ་འདིས། ད་ལྟའི་གནས་སྟངས་སྡུག་པོ་འདི་ཞན་དུ་གཏོང་རྒྱུ་ལས་གཞན་གང་ཡང་མི་ཡོང་པའི་སྐོར་དང་། རྒྱ་ནག་གིས་ངེས་པར་དུ་བྱང་ཀོ་རི་དང་རྒྱ་ནག་གཉིས་བར་གྱི་འབྲེལ་ལམ་རྒྱུན་འཛིན་བྱེད་རྒྱུ་ལ་བསམ་གཞིག་བྱེད་དགོས་པ་ལས་སྣང་མེད་ཀྱི་སྐད་ཆ་ལ་བརྟེན་ནས་ཕྱོགས་གཉིས་བར་གྱི་འབྲེལ་ལམ་ཐད་གྲུབ་འབྲས་ངན་པ་ཡོང་རྒྱུ་ཡིན་སྐོར་བཅས་བརྗོད་ཡོད་འདུག

ད་ཐེངས་བྱང་ཀོ་རི་ཡས་རྒྱ་ནག་ལ་སྐྱོན་བརྗོད་དང་འཇིགས་སྐུལ་བྱས་པའི་གནས་ཚུལ་འདི་ནི། ཉེ་ཆར་རྒྱ་ནག་གིས་བྱང་ཀོ་རི་ཡར། ཨ་རི་ལ་སྡང་ཟུག་མུ་མཐུད་བྱས་ན་དཔལ་འབྱོར་གྱི་ཉེས་ཆད་ཆེན་པོ་ཞིག་ཡོང་རྒྱུ་ཡིན་སྐོར་གྱི་ཉེན་བརྡ་དང་། ལམ་སེང་རྡུལ་མཚོན་བཟོ་སྐྲུན་གྱི་ལས་གཞི་མཚམས་འཇོག་མ་བྱས་ན་འཇུག་འབྲས་ཚབས་ཆེན་པོ་ཞིག་ཡོང་རྒྱུ་ཡིན་སྐོར་བཅས་གླེང་བའི་རྗེས་སུ་བྱུང་བ་ཞིག་ཡིན་པ་རེད་འདུག

འོན་ཀྱང་། རྡུལ་མཚོན་བཟོ་སྐྲུན་གྱི་ལས་གཞི་མཚམས་འཇོག་བྱེད་དགོས་པའི་རྒྱ་ནག་གི་སྐད་ཆར་བྱང་ཀོ་རི་ཡས་ལན་འདེབས་སུ། བླུན་རྨོངས་ཀྱི་ཆབ་སྲིད་པ་དང་། བརྒྱུད་ལམ་ཁག་གི་མི་སྣ་ཚོས་ལོ་ངོ་བཅུ་ཕྲག་མང་པོའི་འབྲེལ་ལམ་བཟང་པོར་དོ་ཕོགས་གཏོང་གི་ཡོད་སྐོར་བརྗོད་ཁར། བྱང་ཀོ་རི་ཡས་རྒྱ་ནག་ལ་འབྲེལ་ལམ་མུ་མཐུད་ཉར་རྒྱུའི་ཞུ་བ་ནམ་ཡང་རྒྱག་གི་མིན་སྐོར་དང་། རྒྱ་ནག་གིས་སོ་སོའི་མཐུན་ཕྱོགས་ལ་ཁ་ཞེ་མི་མཚུངས་པ་དང་གཡོ་སྒྱུ་འཁྲབ་ཀྱི་ཡོད་སྐོར་བཅས་ཀྱི་སྐྱོན་བརྗོད་བྱས་ཡོད་འདུག།

གསར་འགོད་པ་བཀྲ་ཤིས་དོན་གྲུབ།

Print Friendly, PDF & Email
Share on Facebook8Tweet about this on TwitterShare on Google+0Share on LinkedIn0Email this to someone
0 commentsViews: 243

Leave a Reply