ཊོམ་གྱི་བཀའ་རྒྱ་གཉིས་པ་ཡང་བཀག་འགོག་བྱས་འདུག

ཨ་རིའི་ཌོ་ནོལ་ཊོམ་གྱི་གནས་སྤོ་བ་དང་འགྲུལ་བསྐྱོད་བཀག་འགོག་གྱི་བཀའ་རྒྱ་གཉིས་པ་དེ། ཨ་རིའི་ཁྲིམས་དཔོན་ཞིག་གིས་བཀག་འགོག་བྱས་འདུག་པས། ཊོམ་གྱིས་ཐག་གཅོད་དེར་ཁ་གཏད་གཅོག་རྒྱུ་ཡིན་སྐོར་བརྗོད་ཡོད་འདུག

ཟླ་འདིའི་ཚེས་༡༦ ཉིན་རྒྱལ་སྤྱིའི་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་གསལ། ཟླ་འདིའི་ཚེས་༦ ཉིན་ཨ་རིའི་སྲིད་འཛིན་ཊོམ་གྱིས་གནས་སྤོ་བ་དང་འགྲུལ་བསྐྱོད་བཀག་སྡོམ་གྱི་བཀའ་རྒྱ་གཉིས་པའི་ཡིག་ཆར་མིང་རྟགས་བཀོད་ནས། བཀའ་རྒྱ་དེ་དངོས་སུ་ཟླ་འདིའི་ཚེས་༡༦ ཉིན་ནས་ལག་ལེན་བསྟར་རྒྱུ་བྱས་ཡོད་ཀྱང་། ཚེས་༡༥ ཡི་མཚན་མོར། ཨ་རིའི་ཧ་ཝའི་མངའ་སྡེའི་རྫོང་ཞིག་གི་ཁྲིམས་དཔོན་ཌེ་རེག་ཝ་ཊེ་སན་གྱིས། བཀའ་རྒྱ་གཉིས་པ་དེ་རྒྱལ་ཁབ་ཀྱི་བདེ་འཇགས་ཀྱི་ཆེད་དུ་ཡིན་ཟེར་བའི་རྒྱུ་མཚན་དེར་དོགས་པ་སྐྱེས་པའི་དཔང་རྟགས་ཡོད་སྐོར་བརྗོད་ནས། བཀའ་རྒྱ་དེ་བཀག་འགོག་བྱས་ཡོད་འདུག དེ་ཡང་ད་བར་སྲིད་འཛིན་ཊོམ་གྱིས་ཁ་ཆེ་གནས་སྤོ་བ་དང་འགྲུལ་བསྐྱོད་པ། དེ་བཞིན་ཁ་ཆེ་སྐྱབས་བཅོལ་བ་སོགས་ཨ་རིའི་ནང་བཀག་སྡོམ་བྱེད་པའི་བཀའ་རྒྱ་གཉིས་ཀར་བཀག་འགོག་བྱས་ཡོད་པ་རེད།

སྲིད་འཛིན་ཊོམ་གྱིས་ཐག་གཅོད་དེས་ཨ་རི་ནུས་ཤུགས་སྐྱོ་པོ་ཡིན་པའི་མཐོང་སྣང་བསྐྲུན་ཡོད་པ་དང་། ཁོས་ཐག་གཅོད་དེར་ཁ་གཏད་བཅག་ནས་ཆེས་མཐོའི་ཁྲིམས་ཁང་བར་འགྲོ་དགོས་བྱུང་ཡང་འགྲོ་རྒྱུ་ཡིན་པ། ཁོ་རང་རྒྱལ་ཁ་ཐོབ་ཀྱི་ཡིན་སྐོར་བརྗོད་ཡོད་འདུག

ཟླ་༡ པོའི་ཚེས་༢༧ ཉིན་ལ་སྲིད་འཛིན་ཊོམ་གྱིས་ཨ་རིའི་ནང་གནས་སྤོ་བ་དང་འགྲུལ་བསྐྱོད་བཀག་འགོག་གྱི་བཀའ་རྒྱ་དང་པོ་དེ་བཏང་ཡོད་པས། ཨ་རིའི་ནང་གི་གནམ་ཐང་ཁག་ཏུ་ཕྱིའི་རྒྱལ་ཁབ་ཀྱི་མི་མང་པོ་ཞིག་བཀག་འགོག་བྱས་པའི་གནས་ཚུལ་ཐོན་པ་དང་། མི་མང་ནས་བཀའ་རྒྱ་དེར་ངོ་རྒོལ་ཤུགས་ཆེན་བྱས་ཡོད་པ་ཡིན་པས། ཟླ་༢ པའི་ཚེས་༣ ཉིན་ཨ་རིའི་ཁྲིམས་དཔོན་ཞིག་གིས་བཀའ་རྒྱ་བཀག་འགོག་བྱས་ཡོད་པ་རེད། དེ་རྗེས་ཟླ་འདིའི་ཚེས་༦ ཉིན་བཀའ་རྒྱ་གཉིས་པ་ཞིག་བཏང་ཡོད་པ་དང་། དེ་ཟླ་འདིའི་ཚེས་༡༦ ཉིན་ནས་ལག་ལེན་དངོས་སུ་བསྟར་རྒྱུ་བྱས་ཡོད་ཀྱང་། ཚེས་༡༥ ཡི་མཚན་མོར་ཨ་རིའི་ཁྲིམས་དཔོན་ཞིག་གིས་བཀའ་རྒྱ་དེ་བཀག་འགོག་བྱས་ཡོད་པ་རེད།

བཀའ་རྒྱ་དང་པོ་དང་གཉིས་པ་དེ་གཉིས་བར་ཁྱད་པར་གཙོ་བོ་ནི། བཀའ་རྒྱ་དང་པོའི་ནང་ཁ་ཆེ་ཆོས་ལུགས་པ་མང་མོས་ཡིན་པའི་ཁ་ཆེའི་ལུང་པ་བདུན་གྱི་མི་སེར་ཉིན་༩༠ ཡི་རིང་ཨ་རིའི་ནང་འགྲུལ་བསྐྱོད་བྱ་རྒྱུ་བཀག་འགོག་བྱས་ཡོད་ཀྱང་། བཀའ་རྒྱ་གཉིས་པའི་ནང་ཨི་རག་དེ་ཉིད་ཐོ་ཁུངས་ནས་ཕྱིར་འཐེན་བྱས་ཡོད་པ་རེད། དེ་ཡང་ཨི་རག་དང་ཨ་རི་གཉིས་མཉམ་འབྲེལ་ཐོག་ནས། ཁ་ཆེ་འཇིགས་སྐུལ་རིང་ལུགས་པ་ཨེ་སི་སི་དང་འཐབ་རྒོལ་བྱེད་བཞིན་ཡོད་པས། ཕྱོགས་གཉིས་བར་གསང་བའི་གནས་ཚུལ་བརྗེ་རེས་སོགས་ཀྱི་ལས་གཞིར་བར་ཆད་མི་ཡོང་བའི་ཆེད་ཡིན་ཁར། ཕྱོགས་གཉིས་ནས་ཨ་རིར་ཡོང་མཁན་ཨི་རག་གི་མི་སེར་རྣམས་ལ་ཞིབ་འཇུག་ཞིབ་ཕྲ་བྱ་རྒྱུའི་ལས་གཞིར་མཉམ་ལས་བྱ་རྒྱུ་མོས་མཐུན་བྱུང་ཡོད་འདུག དེ་མཚུངས་ཨ་རིའི་ཕོ་བྲང་དཀར་པོའི་མཐོ་རིམ་མི་སྣ་མང་པོས་ཨི་རག་དེ་ནི་ཨ་རིའི་འཇིགས་སྐུལ་རིང་ལུགས་པར་འཐབ་རྒོལ་གྱི་ལས་འགུལ་ཐད་དཔུང་རོགས་ཡིན་སྐོར་བརྗོད་ནས། བཀག་འགོག་གི་ཐོ་ཁུངས་ནས་ཕྱིར་འཐེན་དགོས་པའི་ཞུ་གཏུགས་ཤུགས་ཆེན་བྱས་ཡོད་འདུག

དེ་བཞིན་བཀའ་རྒྱ་དང་པོ་དང་མི་འདྲ་བར། བཀའ་རྒྱ་གཉིས་པའི་ནང་བཀག་འགོག་བྱས་པའི་ཁ་ཆེའི་ལུང་པ་དྲུག་གི་མི་སེར་རྣམས་ལ། ཨ་རིར་གནས་སྡོད་ཆོག་པའི་ཡིག་ཆ་དང་། ཐོངས་མཆན་ཐོབ་མཁན་དག་ལ་ཆགས་ཡང་བཏང་ཡོད་པ་རེད་ལ། དེ་སྔོན་དང་མི་འདྲ་བར་སི་རི་ཡ་ནས་སྐྱབས་བཅོལ་བ་ལེན་རྒྱུའི་ལས་གཞི་དེ་དུས་ཚོད་ངེས་མེད་རིང་མཚམས་འཇོག་བྱས་པ་ལས། ཉིན་༡༢༠ རིང་མཚམས་འཇོག་བྱ་རྒྱུ་ཐག་གཅོད་བྱས་ཡོད་པ་རེད། འོན་ཀྱང་བཀའ་རྒྱ་གཉིས་པའི་ནང་ སྐྱབས་བཅོལ་ཡོང་ཡུལ་གྱི་རྒྱལ་ཁབ་ཁག་ལས་ཆོས་ལུགས་ཀྱི་གྲངས་ཉུང་མི་རིགས་རྣམས་ལ་འདམ་ག་དང་པོ་སྤྲོད་དགོས་སྐོར་འཁོད་ཡོད་འདུག་པས། ཐག་གཅོད་དེས་སི་རི་ཡ་སོགས་དམག་འཁྲུག་ལངས་བཞིན་པའི་དཀྱིལ་ཤར་ཡུག་གྲུ་ཁག་ནས་ཁ་ཆེ་མི་རིགས་རྩིས་མེད་ཐོག ཡི་ཤུ་མི་རིགས་འདེམས་སྒྲུག་བྱེད་ཀྱི་ཡོད་པའི་སྐྱོན་བརྗོད་བྱེད་མཁན་མང་པོ་ཡོད་པ་རེད་འདུག །

གསར་འགོད་པ་སྐལ་བཟང་དོན་གྲུབ།

Print Friendly, PDF & Email
Share on Facebook0Tweet about this on TwitterShare on Google+0Share on LinkedIn0Email this to someone
0 commentsViews: 431

Leave a Reply