ཊོམ་གྱིས་ཨ་རབ་རྒྱལ་ཁབ་རྣམས་ཆིག་སྒྲིལ་ཡོང་བའི་འབོད་སྐུལ།

པེར་ཤན་མཚོ་ཁུག་གི་ཨ་རབ་རྒྱལ་ཁབ་བར་མི་མཐུན་པའི་གཞི་བྱུང་ནས། ཁུལ་དེའི་གནམ་གྲུ་སོགས་ཀྱི་འགྲོ་བསྐྱོད་དང་། རྡོ་སྣུམ་གྱི་རིན་གོང་ལ་ཡང་ཤུགས་རྐྱེན་ཐེབས་ཀྱི་ཡོད་འདུག་པས། ཨ་རིའི་སྲིད་འཛིན་ཌོ་ལན་ཊོམ་གྱིས་སོ་ཌི་ཨ་རབ་ཀྱི་རྒྱལ་པོར་ཁ་པར་བརྒྱུད། ཁུལ་དེའི་ཨ་རབ་རྒྱལ་ཁབ་རྣམས་ཆིག་སྒྲིལ་ཡོང་བའི་འབོད་སྐུལ་བྱས་ཡོད་འདུག

ཁ་ཊར་རྒྱལ་ཁབ་ཀྱི་འགོ་ཁྲིད་དང་སྲིད་འཛིན་ཊོམ་མཇལ་འཕྲད་སྐབས།

ཟླ་འདིའི་ཚེས་༧ ཉིན་རྒྱལ་སྤྱིའི་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་གསལ། ཟླ་འདིའི་ཚེས་༥ ཉིན་རྡོ་སྣུམ་གྱི་རང་བྱུང་ཐོན་ཁུངས་གིས་ཕྱུག་པའི་པེར་ཤེན་(PERSIAN) མཚོ་ཁུག་གི་ཨ་རབ་རྒྱལ་ཁབ་སི་ཌི་ཨ་རབ་དང་། བྷེ་རན། ཨི་ཇེབ་ཌེ། ཨ་རབ་ཨེར་མེ་མཉམ་སྦྲེལ་རྒྱལ་ཁབ། ཡེ་མེན་རྒྱལ་ཁབ་བཅས་ཀྱིས། ཁུལ་དེའི་རྒྱལ་ཁབ་ཁ་ཊར་གྱིས་ཁ་ཆེ་འཇིགས་སྐུལ་རིང་ལུགས་པར་རྒྱབ་སྐྱོར་བྱེད་པའི་ཉེས་འཛུགས་འོག རྒྱལ་ཁབ་དེ་དང་འབྲེལ་བ་གཅོད་རྒྱུའི་ཐག་གཅོད་དང་སྦྲགས། གནམ་དང་མཚོ།ས་བཅས་ཀྱི་འགྲུལ་བསྐྱོད་བཀག་སྡོམ་བྱ་རྒྱུ་ཡིན་སྐོར་གསལ་བསྒྲགས་བྱས་ཏེ། རྒྱལ་ཁབ་ལྔ་པོའི་ནང་ཡོད་པའི་ཁ་ཌར་མི་སེར་རྣམས་བདུན་ཕྲག་གཉིས་ནང་ཕྱིར་ལོག་བྱེད་དགོས་པ་བསྒྲགས་ཡོད་འདུག

ཁ་ཌར་རྒྱལ་ཁབ་ཀྱིས་འཇིགས་སྐུལ་རིང་ལུགས་པར་རྒྱབ་སྐྱོར་བྱེད་པའི་ཉེས་འཛུགས་ལ་ངོས་ལེན་རྩ་བ་ནས་བྱེད་ཀྱི་མེད་ནའང་། ཨ་རབ་རྒྱལ་ཁབ་གཞན་རྣམས་ཀྱིས་མུ་མཐུད་ཉེས་འཛུགས་བྱས་པ་དང་སྦྲགས། འབྲེལ་ལམ་བཅད་པའི་རྐྱེན་གྱིས། ཁུལ་དེའི་གནམ་གྲུ་སོགས་ཀྱི་འགྲུལ་བསྐྱོད་དང་། ཅ་དངོས་སྐྱེལ་འདྲེན་སོགས་ལ་གནོད་སྐྱོན་ཐེབས་པ་མ་ཟད། རྡོ་སྣུམ་གྱི་རིན་གོང་ལ་ཡང་ཤུགས་རྐྱེན་ཐེབས་བཞིན་ཡོད་འདུག དེ་བཞིན་ཁ་ཌར་རྒྱལ་ཁབ་ནང་ཅ་དངོས་སྣ་འཛོམས་ཀྱི་ཁྲོམས་རར་ཅ་དངོས་མི་འདང་བའི་དཀའ་ངལ་འཕྲད་བཞིན་ཡོད་འདུག

དེ་སྔོན་སྲིད་འཛིན་ཊོམ་གྱིས་ཉེ་འཆར་ཁོང་སོ་ཌི་ཨ་རབ་ལ་སྐོར་བསྐྱོད་ཕྱིན་རྗེས། ཨ་རབ་རྒྱལ་ཁབ་ཁག་གིས་ཁ་ཌར་ལ་གནོན་ཤུགས་སྤྲད་ཡོད་སྐོར་བརྗོད་ནས། ཁོང་གི་གྲུབ་འབྲས་ཡིན་ཚུལ་བརྗོད་ཡོད་འདུག་ཀྱང་། ཁུལ་དེའི་རྩོད་གཞི་ལ་བརྟེན་ནས་འཇིགས་སྐུལ་རིང་ལུགས་པར་འཐབ་རྒོལ་གྱི་ལས་འགུལ་ལ་གནོད་འཚེ་ཕོག་སྲིད་ཁར། རྡོ་སྣུམ་སོགས་ཀྱི་རིན་གོང་ལ་ཤུགས་རྐྱེན་ཐེབས་བཞིན་ཡོད་པས། སྲིད་འཛིན་ཁོང་གིས་སོ་ཌི་ཨ་རབ་ཀྱི་རྒྱལ་པོ་ལ་ཁ་པར་བཏང་ནས། འཇིགས་སྐུལ་རིང་ལུགས་པར་འཐབ་རྒོལ་བྱེད་ཆེད། ཁུལ་དེར་ཆིག་སྒྲིལ་དགོས་སྐོར་བརྗོད་ནས་དེ་ལྟར་ཡོང་བར་འབོད་སྐུལ་བྱས་ཡོད་འདུག

ཨ་རབ་རྒྱལ་ཁབ་གཞན་གྱིས། ཁ་ཊར་རྒྱལ་ཁབ་ཀྱིས་པེ་ལི་སི་ཐན་ནང་དུ་ཡོད་པའི་ཧ་མེ་སི་དྲག་སྤྱོད་ཚོགས་པ་དང་། ཨི་ཇེབ་ནང་དུ་ཡོད་པའི་ཁ་ཆེ་སྤུན་གྲོགས་ཚོགས་པ་གཉིས་ལ་དཔལ་འབྱོར་སོགས་ཀྱི་ཐོག་རྒྱབ་སྐྱོར་བྱེད་ཀྱི་ཡོད་པས། དེ་དག་མཚམས་འཇོག་བྱེད་དགོས་པའི་དགོས་འདུན་བཏོན་ཡོད་འདུག ཏུར་ཀིའི་སྲིད་འཛིན་ཨེར་ཌོ་གྷེན་དང་ཧྥ་རན་སིའིསྲིད་འཛིན་ཨེ་མུལ་མེར་ཀོན་གཉིས་ཀྱིས། ཁུལ་དེར་ཞི་བདེ་ལྷིང་འཇགས་ཡོང་ཐབས་ལ་རྒྱབ་སྐྱོར་གང་དགོས་བྱ་རྒྱུ་ཡིན་སྐོར་ཁ་ཌར་གྱི་འགོ་ཁྲིད་ལ་བརྗོད་ཡོད་འདུག

འཇར་མན་གྱི་དཔལ་འབྱོར་བློན་ཆེན་སིག་མར་གྷེ་བྷེ་རིལ་གྱིས། ཨ་རིའི་སྲིད་འཛིན་ཊོམ་གྱིས་ཉེ་ཆར་སོ་ཌེ་ཨ་རབ་དང་ཐེར་འབུམ་༡༡༠ ཡི་རིན་གོང་གི་མཚོན་ཆའི་ཚོང་འབྲེལ་གྱི་གྲོས་མཐུན་བཞག་ཡོད་པ་དེས། ཨ་རབ་རྒྱལ་ཁབ་ཀྱི་ཁུལ་དུ་མཚོན་ཆ་ཉོ་ཚོང་གི་འགྲན་སྡུར་ཡོང་སྲིད་པས། སྲིད་ཇུས་དེ་ནི་ནོར་འཁྲུལ་ཆེན་པོ་ཞིག་ཡིན་སྐོར་གྱི་སྐྱོན་བརྗོད་བྱས་ཏེ།ཨ་རབ་རྒྱལ་ཁབ་རྣམས་ཀྱིས་ཁ་ཌར་རྒྱལ་ཁབ་ཟུར་དུ་ཕུད་པ་དེས་ཨ་རབ་རྒྱལ་ཁབ་ཀྱི་འཚོ་གནས་ལ་ཉེན་ཁ་ཡིན་སྐོར་བརྗོད་ཡོད་འདུག

སྤྱིར་བཏང་ཨ་རབ་ཀྱི་རྒྱལ་ཁབ་ཁག་ལ་རྡོ་སྣུམ་གྱི་རང་བྱུང་ཐོན་ཁུངས་འབོར་ཆེན་ཡོད་པས། འཛམ་གླིང་ནང་དཔལ་འབྱོར་གྱི་སྟོབས་ཤུགས་ཆེ་གྲས་ཡིན་ཁར། རྒྱལ་སྤྱིའི་དཔལ་འབྱོར་ལ་ཤུགས་རྐྱེན་ཆེན་པོ་སྤྲོད་ཐུབ་ཀྱི་ཡོད་པས། ཨ་རི་གཙོས་པའི་སྟོབས་ཆེན་རྒྱལ་ཁབ་ཁག་གིས་ཁུལ་དེའི་རྒྱལ་ཁབ་ཁག་ནང་དུ་ཞི་བདེ་ལྷིང་འཇགས་ཡོང་རྒྱུ་གལ་ཆེན་བརྩི་ཡི་ཡོད་པ་རེད།།
གསར་འགོད་པ་སྐལ་བཟང་དོན་གྲུབ།

 

 

Print Friendly, PDF & Email
Share on Facebook0Tweet about this on TwitterShare on Google+0Share on LinkedIn0Email this to someone
0 commentsViews: 222

Leave a Reply