ཊོམ་གྱི་གནས་སྤོ་བ་དང་འགྲུལ་བསྐྱོད་བཀག་འགོག་གི་བཀའ་རྒྱ་གསར་པ།

ཨ་རིའི་སྲིད་འཛིན་ཌོ་ནལ་ཊོམ་གྱིས་གནས་སྤོ་བ་དང་འགྲུལ་བསྐྱོད་བཀག་འགོག་གི་བཀའ་རྒྱ་གསར་པ་ཞིག་བཏང་འདུག་པ་དང་། དེའི་ནང་དཀྱིལ་ཤར་ཡུལ་གྲུའི་ཨི་རག་རྒྱལ་ཁབ་དེ་བཀག་འགོག་གི་ཐོ་ཁོངས་ནས་ཕྱིར་འཐེན་བྱས་ཡོད་འདུག

ཟླ་འདིའི་ཚེས་༧ ཉིན་གྱི་རྒྱལ་སྤྱིའི་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་གསལ། ཟླ་འདིའི་ཚེས་༦ ཉིན་སྲིད་འཛིན་ཊོམ་གྱིས་ཨ་རིའི་ཕོ་བྲང་དཀར་པོའི་ནང་བཀའ་རྒྱ་གསར་པའི་ཡིག་ཆར་མིང་རྟགས་བཀོད་ཡོད་པ་དང་། དེ་ཡང་དེ་སྔོན་ཟླ་༡ པའི་ཚེས་༢༧ ཉིན་ཁ་ཆེའི་ལུང་པ་བདུན་གྱི་མི་སེར་རྣམས་ཉིན་༩༠ ཡི་རིང་ཨ་རིར་འགྲུལ་བསྐྱོད་བྱེད་པར་བཀག་འགོག་བྱས་ཡོད་ཀྱང་། བཀའ་རྒྱ་གསར་པ་དེའི་ནང་ཨི་རག་རྒྱལ་ཁབ་དེ་བཀག་འགོག་གི་ཐོ་ཁོངས་ནས་ཕྱིར་འཐེན་བྱས་ཡོད་འདུག རྒྱུ་མཚན་ནི་ཨི་རག་དང་ཨ་རི་གཉིས་མཉམ་འབྲེལ་ཐོག་ནས། ཁ་ཆེ་འཇིགས་སྐུལ་རིང་ལུགས་པ་ཨེ་སི་སི་དང་འཐབ་རྒོལ་བྱེད་བཞིན་ཡོད་པས། ཕྱོགས་གཉིས་བར་གསང་བའི་གནས་ཚུལ་བརྗེ་རེས་སོགས་ཀྱི་ལས་གཞིར་བར་ཆད་མི་ཡོང་བའི་ཆེད་ཡིན་ཁར། ཕྱོགས་གཉིས་ནས་ཨ་རིར་ཡོང་མཁན་ཨི་རག་གི་མི་སེར་རྣམས་ལ་ཞིབ་འཇུག་ཞིབ་ཕྲ་བྱ་རྒྱུའི་ལས་གཞིར་མཉམ་ལས་བྱ་རྒྱུ་མོས་མཐུན་བྱུང་ཡོད་འདུག དེ་མཚུངས་ཨ་རིའི་ཕོ་བྲང་དཀར་པོའི་མཐོ་རིམ་མི་སྣ་མང་པོས་ཨི་རག་དེ་ནི་ཨ་རིའི་འཇིགས་སྐུལ་རིང་ལུགས་པར་འཐབ་རྒོལ་གྱི་ལས་འགུལ་ཐད་དཔུང་རོགས་ཡིན་སྐོར་བརྗོད་ནས། བཀག་འགོག་གི་ཐོ་ཁུངས་ནས་ཕྱིར་འཐེན་དགོས་པའི་ཞུ་གཏུགས་ཤུགས་ཆེན་བྱས་ཡོད་འདུག

བཀའ་རྒྱ་གསར་པ་དེས་སི་རི་ཡ་དང་ཨི་རན། ལི་བྷི་ཡ། སོ་མ་ལི་ཡ། སུ་ཌེན། ཡེ་མེན་བཅས་ཀྱི་མི་སེར་རྣམས་ཨ་རིའི་ནང་ཉིན་༩༠ ཡི་རིང་འཛུལ་མི་ཆོག་པ་བཟོས་ཡོད་ཀྱང་། རྒྱལ་ཁབ་དེ་དག་མི་སེར་ཡིན་ཡང་ཨ་རིར་གནས་སྡོད་ཆོག་པའི་ཡིག་ཆ་ཡོད་པ་དང་། ཐོངས་མཆན་ཐོབ་མཁན་དག་ལ་ཆགས་ཡང་བཏང་ཡོད་འདུག དེ་བཞིན་ཉིན་༡༢༠ ཡི་རིང་ཨ་རིའི་སྐྱབས་བཅོལ་བའི་ལས་གཞི་མཚམས་འཇོག་བྱ་རྒྱུ་ཡིན་ཡང་། དེ་སྔོན་སི་རི་ཡ་ནས་སྐྱབས་བཅོལ་བ་ལེན་རྒྱུའི་ལས་གཞི་དེ་དུས་ཚོད་ངེས་མེད་རིང་མཚམས་འཇོག་གི་བཀའ་རྒྱ་བཏང་ཡོད་ཀྱང་། ཐེངས་འདིར་བསྒྱུར་བཅོས་བཏང་ནས་ཉིན་༡༢༠ ཡི་རིང་མཚམས་འཇོག་བྱ་རྒྱུ་ཡིན་འདུག སྐྱབས་བཅོལ་ཡོང་ཡུལ་གྱི་རྒྱལ་ཁབ་ཁག་ལས་ཆོས་ལུགས་ཀྱི་གྲངས་ཉུང་མི་རིགས་རྣམས་ལ་འདམ་ག་དང་པོ་སྤྲོད་དགོས་སྐོར་འཁོད་ཡོད་འདུག་པས། ཐག་གཅོད་དེས་སི་རི་ཡ་སོགས་དམག་འཁྲུག་ལངས་བཞིན་པའི་དཀྱིལ་ཤར་ཡུག་གྲུ་ཁག་ནས་ཁ་ཆེ་མི་རིགས་རྩིས་མེད་ཐོག ཡི་ཤུ་མི་རིགས་འདེམས་སྒྲུག་བྱེད་ཀྱི་ཡོད་པའི་སྐྱོན་བརྗོད་བྱེད་མཁན་མང་པོ་ཡོད་པ་རེད་འདུག

བཀའ་རྒྱ་དེའི་ནང་ཨ་རིས་ལོ་རེར་སྐྱབས་བཅོལ་བ་ལེན་རྒྱུའི་ཁ་གྲངས་དེ་༡༡༠,༠༠༠ ནས་༥༠,༠༠༠ ཉུང་འཕྲི་དང་། སྲིད་འཛིན་ཊོམ་གྱིས་རྒྱལ་ཁབ་གཞན་ལ་ཡང་ཨ་རིའི་ནང་འགྲུལ་བསྐྱོད་ཀྱི་བཀག་འགོག་བྱེད་སྲིད་པ་དང་། གལ་ཏེ་ཨི་རག་གིས་མཉམ་ལས་ཡག་པོ་མ་བྱས་ཚེ། ཕྱིར་བཀག་འགོག་གི་ཐོ་ཁུངས་སུ་འགོད་རྒྱུའི་ལམ་ཁ་བཞག་ཡོད་འདུག

སྲིད་འཛིན་ཊོམ་གྱི་བཀའ་རྒྱ་དང་པོ་དེར་གྲོས་ཚོགས་མི་སྣ་དང་མངའ་སྡེའི་སྤྱི་ཁྱབ། ཁྲིམས་རྩོད་པ་དང་མི་མང་སོགས་ཀྱིས་ངོ་རྒོལ་ཤུགས་ཆེན་བྱས་རྐྱེན། ཨ་རིའི་ཁྲིམས་དཔོན་ཞིག་གིས་སྲིད་འཛིན་ཊོམ་གྱི་བཀའ་རྒྱ་དེ་བཀག་འགོག་བྱས་ཡོད་པ་རེད། ཐེངས་འདིའི་བཀའ་རྒྱར་ཡང་ཁྱབ་ཆེན་པོར་སྐྱོན་བརྗོད་བྱེད་མཁན་མང་པོ་ཡོད་འདུག

བཀའ་རྒྱ་གསར་པ་དེ་ཟླ་འདིའི་ཚེས་༡༦ ཉིན་ནས་དངོས་སུ་ལག་བསྟར་བྱ་རྒྱུ་ཡིན་འདུག །

གསར་འགོད་པ་སྐལ་བཟང་དོན་གྲུབ།

 

 

Print Friendly, PDF & Email
Share on Facebook0Tweet about this on TwitterShare on Google+0Share on LinkedIn0Email this to someone
0 commentsViews: 759

Leave a Reply