ཊོམ་གྱིས་འདོད་པ་མེད་བཞིན་ཨུ་རུ་སུར་ཉེས་ཆད་གཏོང་རྒྱུར་མིང་རྟགས་བཀོད།

ཨ་རིའི་སྲིད་འཛིན་ཌོ་ནལ་ཊོམ་གྱིས་གྲོས་ཚོགས་གོང་འོག་གཉིས་ཀྱིས་རྒྱབ་སྐྱོར་ཤིན་ཏུ་ཆེན་པོ་བྱས་པའི། ཨུ་རུ་སུར་དཔལ་འབྱོར་ཉེས་ཆད་ཀྱི་ཁྲིམས་འཆར་དེ་ཡང་དག་པ་ཞིག་མིན་སྐོར་བརྗོད་ནའང་། མིང་རྟགས་བཀོད་ཡོད་འདུག

ཟླ་༨ པའི་ཚེས་༣ ཉིན་རྒྱལ་སྤྱིའི་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་གསལ། དེ་སྔོན་ཟླ་༧ པའི་ཚེས་༢༧ ཉིན་ཨ་རིའི་གྲོས་ཚོགས་གོང་མའི་ནང་ཨུ་རུ་སུར་དཔལ་འབྱོར་གྱི་ཉེས་ཆད་གསར་པ་གཏོང་རྒྱུའི་ཐད་འཐུས་མི་༡༠༠ ནས་༩༨ ཀྱི་རྒྱབ་སྐྱོར་ཐོབ་ཡོད་པ་དང་། གྲོས་ཚོགས་འོག་མའི་ནང་དེ་སྔོན་ཟླ་༧ པའི་ཚེས་༢༥ ཉིན། འཐུས་མི་༤༢༢ ནས་༤༡༩ ཡི་རྒྱབ་སྐྱོར་ཐོབ་ཡོད་པས། ཁྲིམས་འཆར་དེ་ཁྲིམས་སུ་གཏན་འབེབས་ཡོང་ཆེད་ཨ་རིའི་སྲིད་འཛིན་ཊོམ་ལ་མིང་རྟགས་བཀོད་ཆེད་ཡར་བསྐྱལ་ཡོད་པ་རེད། སྐབས་དེར་གྲོས་ཚོགས་ཀྱིས་གལ་ཏེ་སྲིད་འཛིན་ཊོམ་གྱིས་ཁྲིམས་འཆར་དེར་དགག་བྱ་བྱས་ཚེ་དགག་བྱ་དེ་རྩིས་མེད་གཏོང་རྒྱུར་ཐེ་ཚོམས་མེད་སྐོར་བརྗོད་ཡོད་པས། ཟླ་༨ པའི་ཚེས་༢ ཉིན་སྲིད་འཛིན་ཊོམ་གྱིས་འདོད་པ་མེད་པའི་རྣམ་འགྱུར་ཐོག་ཁྲིམས་འཆར་དེར་མིང་རྟགས་བཀོད་ནས་ཁྲིམས་སུ་གཏན་འབེབས་བྱས་ཡོད་འདུག

ཁྲིམས་འཆར་དེའི་ནང་སྲིད་འཛིན་ཊོམ་གྱིས་ཨུ་རུ་སུར་དཔལ་འབྱོར་ཉེས་ཆད་ཡང་དུ་གཏོང་རྒྱུ་བྱས་ཚེ། ཐོག་མར་གྲོས་ཚོགས་དང་གྲོས་བསྡུར་བྱེད་དགོས་པ་བཟོས་ཡོད་པས། སྲིད་འཛིན་ཊོམ་གྱིས་བསྒྲགས་གཏམ་ཞིག་ནང་། ཁྲིམས་འཆར་དེ་ཡང་དག་པ་ཞིག་མིན་པ་དང་། ལྷག་པར་དུ་དེས་འཛིན་སྐྱོང་གིས་རྒྱལ་ཁབ་གཞན་དང་གྲོས་མོལ་བྱེད་པའི་དབང་ཚད་ལ་ཐེ་ཇུས་བྱས་ཡོད་སྐོར་དང་། གྲོས་ཚོགས་ཀྱིས་ལོ་བདུན་རིང་བགྲོ་གླེང་བྱས་ཡོད་ཀྱང་སྨན་བཅོས་ལྟ་སྐྱོང་གི་ཁྲིམས་འཆར་ཞིག་ཡང་གྲོས་མོལ་ལམ་ལྷོངས་བྱུང་མེད་པས། ཐེངས་འདིར་འཛིན་སྐྱོང་གི་དབང་ཚད་ལ་ཚད་བཀག་བཟོས་པ་དེས། ཨ་རིའི་མི་མང་ཆེད་གྲོས་མཐུན་ཡག་པོ་ཡོང་རྒྱུ་ཁག་པོ་བཟོས་ཡོད་པ། དེ་ལ་བརྟེན་ནས་རྒྱ་ནག་དང་བྱང་ཀོ་རི་ཡ། ཨུ་རུ་སུ་བཅས་ཉེ་རུ་འགྲོ་རྒྱུ་ཡིན་པ། ཁོང་གིས་ཐེར་འབུམ་མང་པོའི་རིན་ཚད་ཡིན་པའི་ཚོང་ལས་ཁང་བཙུགས་ཡོད་པས། ཕྱིའི་རྒྱལ་ཁབ་ཁག་དང་མཉམ་དུ་གྲོས་མོལ་བྱེད་པར་གྲོས་ཚོགས་ལས་ཁོང་གིས་ཡག་པ་བྱེད་ཐུབ་ཀྱི་ཡོད་སྐོར་བརྗོད་ཡོད་འདུག

སྲིད་འཛིན་ཊོམ་གྱིས་ཁྲིམས་འཆར་དེར་མིང་རྟགས་མ་བཀོད་པའི་སྔོན་ནས། ཨུ་རུ་སུས་ཁྲིམས་འཆར་དེར་འཁོན་ལན་སློག་ཆེད། ཨུ་རུ་སུ་ནས་ཨ་རིའི་གཞུང་ཚབ་དང་དོན་གཅོད་ཁག་གིས་ལས་བྱེད་༧༥༥ ཡིས་ཟླ་༩ པའི་ཚེས་༡ སྔོན་ནས་ལས་དོན་མཚམས་འཇོག་བྱས་ཏེ་ཕྱིར་ཐོན་དགོས་པའི་བཀའ་རྒྱ་བཏང་ཡོད་པ་རེད། སྲིད་འཛིན་ཊོམ་གྱིས་མིང་རྟགས་བཀོད་རྗེས། ཨུ་རུ་སུའི་སྲིད་བློན་ཌེ་མེ་ཊེ་མེ་ཌེ་ཝེ་ཡིས། དཔལ་འབྱོར་གྱི་ཉེས་ཆད་དེ་ནི་གཞི་རྒྱ་ཆེ་བའི་ཚོང་འབྲེལ་གྱི་དམག་ཞིག་ཡིན་པ་དང་། དེས་ཨ་རིའི་སྲིད་གཞུང་ལ་དབང་ཚད་གང་ཡང་མེད་པ་གསལ་སྟོན་བྱེད་ཀྱི་ཡོད་སྐོར་དང་། ཨུ་རུ་སུའི་ཕྱི་སྲིད་ལྷན་ཁང་གིས་ཨུ་རུ་སུར་དཔལ་འབྱོར་ཉེས་ཆད་དེར་རྒོལ་ལན་སློག་པའི་ཐོབ་ཐང་ཡོད་སྐོར་བརྗོད་འདུག

ཕྱི་ལོ་༢༠༡༤ ལོར་ཡུ་ཀཱི་རེན་གྱི་མངའ་འོག་ཏུ་ཡོད་པའི་ཁི་རཱི་མི་ཡ་མངའ་ཁུལ་ཨུ་རུ་སུས་བཙན་བཟུང་བྱས་ཡོད་པ་དང་། དེ་བཞིན་འདས་མ་ཐག་པའི་ཨ་རིའི་སྲིད་འཛིན་འོས་བསྡུའི་སྐབས་ཨུ་རུ་སུས་ཐེ་ཇུས་བྱས་ཡོད་པའི་དོགས་གཞི་ཡོད་སྟབས། དཔལ་འབྱོར་ཉེས་ཆད་གསར་པ་དེར་རྒྱབ་སྐྱོར་ཆེན་པོ་ཐོབ་ཡོད་པ་རེད། དེའི་ནང་ཨུ་རུ་སུའི་བདེ་སྲུང་དང་ནུས་ཤུགས་ཀྱི་ཚོང་ལས་ལ་དམིགས་ཡོད་པ་རེད་འདུག །

གསར་འགོད་པ་སྐལ་བཟང་དོན་གྲུབ།

Print Friendly, PDF & Email
Share on Facebook22Tweet about this on TwitterShare on Google+0Share on LinkedIn0Email this to someone
0 commentsViews: 422

Leave a Reply