ཏང་ཡོན་ཚོས་ཆོས་ལུགས་པའི་མདུན་དུ་ཐ་མག་འཐེན་དགོས་རེད།

ཟླ་འདིའི་ཕྱི་ཚེས་༡༢ ཉིན་ཧོང་ཀོང་རང་དབང་གསར་ཁང་གིས་གནས་ཚུལ་སྤེལ་གསལ་ལྟར་ན། ཡུ་གུར་ནང་ཁ་ཆེའི་ཆོས་ལུགས་མི་སྣའི་མདུན་དུ་ཐ་མག་མི་འཐེན་མཁན་རྒྱ་ནག་གཞུང་གི་ལས་བྱེད་ཅིག་ལ་ཆབ་སྲིད་ཀྱི་ལངས་ཕྱོགས་བརྟན་པོ་མེད་པའི་ཉེས་མིང་འོག རྒྱ་ནག་གཞུང་གིས་ཁོའི་གོ་གནས་མར་ཕབ་ཡོད་འདུག དེ་ཡང་བདུན་ཕྲག་སྔོན་མའི་གཟའ་མཇུག་ཏུ་སྤེལ་བའི་ཧོ་ཊན་རྫོང་གིས་གསལ་བསྒྲགས་ཤིག་ནང་། ཡུ་གུར་ནང་གི་གྲོང་སྡེ་ཞིག་གི་དྲུང་ཡིག་ཡིན་པའི་རྒྱ་གཞུང་གི་ལས་བྱེད་ཇེ་ལི་མ་ཏི་ནི་ཡ་ཛི་ཟེར་བར། ཁ་ཆེའི་ཆོས་ལུགས་མི་སྣའི་མདུན་དུ་ཐ་མག་འཐེན་མི་ཕོད་པའི་སྐྱོན་འཛུགས་བྱས་ཡོད་འདུག་པ་དང་། ཉེན་བརྡ་ཤུགས་དྲག་དང་བཅས་ས་གནས་གྲོང་སྡེ་ལས་ཁུངས་ཀྱི་དྲུང་ཡིག་དང་ལས་བྱེད་རྒན་རབས་ཀྱི་གོ་གནས་ལས་གནས་རིམ་མར་ཕབ་སྟེ་ད་ཆ་ལས་བྱེད་དཀྱུས་མ་རུ་གྱུར་ཡོད་འདུག

ས་གནས་ཀྱི་ལས་བྱེད་ཅིག་གིས་རྒྱ་ནག་གཞུང་འབྲེལ་དྲ་རྒྱ་གོ་ལའི་དུས་བབ་ཐོག་“ཆོས་ལུགས་མི་སྣའི་མདུན་དུ་ཐ་མག་འཐེན་མི་ཕོད་པའི་ཁོའི་གཤིས་རྒྱུད་ཀྱིས་ཡུ་གུར་ནང་ཐལ་དྲགས་པའི་ཆོས་ལུགས་ཀྱི་བསམ་བློ་དང་བསྟུན་པ་རེད་”ཅེས་དང་། “ཆོས་ལུགས་རིས་མེད་རིང་ལུགས་ལ་གུས་བརྩི་ཡོད་པ་སྟོན་ཕྱིར་ཆོས་དད་ཅན་ཚོའི་མདུན་དུ་འགན་འཁུར་ཆེ་བའི་ཏང་ཡོན་ཚོས་ངེས་པར་དུ་ཐ་མག་འཐེན་དགོས་རེད་”ཅེས་བརྗོད་ཡོད་འདུག ཡང་ཁོས་མ་ཏི་ནི་ཡ་ཛིས་ཧ་ཅང་ཐལ་བའི་ཆོས་ལུགས་ཀྱི་བསམ་བློ་ལ་ཁ་གཏད་གཅོག་རྒྱུའི་ཚབ་ཏུ། ཐལ་ཆ་ཆེ་བའི་ས་གནས་ཀྱི་དཔུང་ཤུགས་ལ་གདོང་ལེན་བྱེད་མ་ཐུབ་པ་ཡིན་སྐོར་ཡང་བརྗོད་ཡོད་འདུག

རྒྱ་ནག་གི་དབང་སྒྱུར་འོག་ཡོད་པའི་ཡུ་གུར་གྲངས་ཉུང་མི་རིགས་ནང་སྤྱིར་བཏང་མ་ཡིན་པའི་རྒྱ་རིང་པོ་འཇོག་མི་ཆོག་པ་དང་། གདོང་ཁེབས་གཡོག་མི་ཆོག་པ། རམ་ཛཱན་བསྙུང་གནས་སྒྲུབ་མི་ཆོག་པ་ལྟ་བུས་མཚོན་པའི་ཆོས་ལུགས་ཀྱི་བྱེད་སྒོ་ཁག་ནི་ཁ་ཆེའི་ཆོས་ལུགས་ཀྱི་ཧ་ཅང་ཐལ་བའི་རྟགས་མཚན་ཡིན་པའི་ངོས་འཛིན་བྱས་ཏེ་རྒྱ་ནག་གཞུང་གིས་བཀག་སྡོམ་ཤུགས་ཆེན་བྱས་དང་བྱེད་བཞིན་ཡོད་པ་རེད།

དེ་སྔོན་ལོ་མང་རིང་ལ་བསྟུད་མར་ཡུ་གུར་ནང་དྲག་རྒོལ་བྱུང་ཡོད་འདུག་པ་དང་། རྒྱ་གཞུང་གིས་དེ་ནི་ཡུལ་གྱར་ཡུ་གུར་བ་ཚོར་ཁ་གཡར་བཞིན་ཡོད། འོན་ཀྱང་། ཡུ་གུར་བ་ཚོས་རྒྱ་ནག་གཞུང་གིས་རིག་གནས་དང་། ཆོས་ལུགས་ཀྱི་ཐོག་ནས་བཙན་གནོན་དང་དབྱེ་འབྱེད་ཀྱི་བྱེད་ལས་སྤེལ་གྱི་ཡོད་པའི་སྐྱོན་བརྗོད་བྱེད་ཀྱི་ཡོད་པ་རེད།།

གསར་འགོད་པ་བཀྲ་ཤིས་དོན་གྲུབ།

Print Friendly, PDF & Email
Share on Facebook0Tweet about this on TwitterShare on Google+0Share on LinkedIn0Email this to someone
0 commentsViews: 188

Leave a Reply