ཐའེ་ཝན་གྱི་མང་གཙོའི་ལས་འགུལ་བ་ཞིག་ལ་རྒྱ་ནག་གཞུང་གི་བཙོན་འཇུག

ཐའེ་ཝན་གྱི་མང་གཙོའི་ལས་འགུལ་བ་ལཱིས་མིང་ཆེ་ལ་རྒྱ་ནག་གཞུང་གིས། སྲིད་གཞུང་རྩ་གཏོར་དང་མགོ་རྟིང་སློག་རྒྱུའི་སྦྱོར་བ་བརྩམས་པའི་ཉེས་མིང་འོག་ལོ་༥ ཡི་བཙོན་འཇུག་ཁྲིམས་ཐག་བཅད་ཡོད་པ་དང་། ཐའེ་ཝན་གཞུང་གིས་ཁྲིམས་ཆད་དེར་ངོས་ལེན་མེད་སྐོར་བརྗོད་འདུག

སྦི་སྦི་སི་གསར་ཁང་སོགས་ཀྱིས་གནས་ཚུལ་སྤེལ་བ་ལྟར་ན། ཟླ་འདིའི་ཕྱི་ཚེས་༢༨ ཉིན་རྒྱ་ནག་ཧུ་ནན་ཞིང་ཆེན་གྱི་ཁྲིམས་ཁང་ཞིག་གིས་ཐའེ་ཝན་གྱི་ལས་འགུལ་བ་ལཱིས་མིང་ཆེས། ཁི་ཁི་(QQ)ཟེར་བའི་རྒྱ་ནག་གི་སྤྱི་ཚོགས་དྲ་རྒྱའི་ཐོག་གི་ཚོགས་པ་ཞིག་གི་ནང་། ཆབ་སྲིད་ཚོགས་པ་མང་པོ་ཡོད་པའི་མང་གཙོའི་རིང་ལུགས་སྤེལ་ཐབས་ཀྱིས་སྲིད་གཞུང་མགོ་རྟིང་སློག་རྒྱུའི་སྦྱོར་བ་བརྩམས་པའི་ཉེས་མིང་འོག ཁོང་ལ་ལོ་ལྔའི་བཙོན་འཇུག་ཁྲིམས་ཐག་བཅད་ཡོད་པ་རེད།

གནད་དོན་དེའི་ཐོག་ཐའེ་ཝན་སྲིད་འཛིན་ལས་ཁུངས་ནས་ཟླ་འདིའི་ཕྱི་ཚེས་༢༨ ཉིན། ལཱིས་མིང་ཆེ་གློད་གྲོལ་གཏོང་རྒྱུར་འབོད་སྐུལ་བྱས་ཡོད་པ་དང་། མང་གཙོ་སྤེལ་རྒྱུའི་བསམ་བློ་ནི་ཉེས་སྐྱོན་བྲལ་བ་ཞིག་ཡིན་སྟབས་ཁྲིམས་གཅོད་དེ་ངོས་ལེན་བྱེད་མི་ཐུབ་པ་ཞིག་རེད་ཅེས་བརྗོད་ནས་རྒྱ་ནག་གཞུང་ལ་སྐྱོན་བརྗོད་བྱས་ཡོད་འདུག་པ་མ་ཟད།  གནད་དོན་དེའི་ཐོག་སྤེལ་བའི་ཐའེ་ཝན་སྲིད་འཛིན་ལས་ཁུངས་ཀྱི་བསྒྲགས་གཏམ་ཞིག་གི་ནང་“ལཱིས་མིང་ཆེ་ཡི་གནད་དོན་གྱི་ཐོག་ནས་རྒྱ་ནག་དང་ཐའེ་ཝན་གཉིས་ཀྱི་འབྲེལ་ལམ་ལ་དོ་ཕོག་ཤུགས་ཆེན་པོ་བཏང་བ་དང་། ལྷག་པར་ཐའེ་ཝན་མི་མང་གི་མང་གཙོ་དང་རང་དབང་གི་ཆེད་དུ་བཟུང་བའི་ཆོད་སེམས་དང་ཀུན་སློང་ལ་བརྩི་བཀུར་མ་བྱས་པ་ནི་གནོང་འགྱོད་སྐྱེ་གཞི་རེད་”ཅེས་འཁོད་ཡོད་འདུག

དེ་བཞིན་ལཱིས་མི་ཆེ་ཡི་ནང་མི་དང་གྲོགས་པོ་ཚོས་ཁོ་རང་ལས་འགུལ་བ་ཞིག་ཡིན་པའི་ཆ་ནས་སོ་སོའི་ཉམས་མྱོང་གཞན་ལ་བཤད་པ་ཙམ་ལས་ནོར་འཁྲུལ་གཞན་གང་ཡང་བཟོས་མེད་སྐོར་བརྗོད་ཡོད་པ་དང་། གཞན་ཡང་འགྲོ་བ་མིའི་ཐོབ་ཐང་ཚོགས་སྡེ་ཁག་ནས་ཀྱང་། རྒྱ་ནག་གི་ཁྲིམས་གཅོད་དེ་ལ་ཁ་རྡུང་བཏང་ཡོད་འདུག་པ་མ་ཟད། རྒྱལ་སྤྱིའི་ཉེས་ཡངས་ཚོགས་པའི་ཉམས་ཞིབ་པ་ཝི་ལེམ་ནི་ཞེས་པས་ཁྲིམས་གཅོད་དེ་ནི་“ཤིན་ཏུ་ནས་ཚབས་ཆེའི་ཉེས་སྤྱོད་ཅིག་རེད་”ཅེས་བརྗོད་འདུག ཡང་ཁོང་གིས་“ལཱིས་མིང་ཆེས་སྤྱི་ཚོགས་དྲ་རྒྱའི་ཐོག་ད་ལྟའི་གནས་བབས་དང་། འདས་པའི་ལོ་རྒྱུས་བཅས་ཀྱི་སྐོར་ལ་ཞི་བའི་སྒོ་ནས་གྲོས་བསྡུར་བྱས་ཡོད་ཅིང་། དེ་རྒྱལ་སྤྱིའི་ཁྲིམས་ལུགས་དང་མཐུན་པ་ཡིན་སྟབས་ཁོང་ཉིན་གཅིག་ཀྱང་བཙོན་ཁང་ནང་འཇོག་དགོས་དོན་ཡོད་མ་རེད།”ཅེས་བརྗོད་ཡོད་འདུག

འདས་པའི་ཟླ་བ་ཁ་ཤས་ཀྱི་ནང་ཧོང་ཀོང་དང་ཐའེ་ཝན་ནང་དུ་མང་གཙོ་ལས་འགུལ་བས་ལཱིས་མིང་ཆེ་གློད་གྲོལ་གཏོང་རྒྱུའི་དགོས་འདུན་ཐོག་རྔམ་སྟོན་ཁྲོམ་སྐོར་བྱས་ཡོད་འདུག
མང་གཙོ་དང་འགྲོ་བ་མིའི་ཐོབ་ཐང་གི་ལས་འགུལ་བ་ལཱིས་མིང་ཆེ་འདི་ལོའི་ཕྱི་ཟླ་༣ པའི་ནང་ཐོག་མར་རྒྱ་ནག་སྐམ་ས་ཆེན་མོའི་ནང་འགྲུལ་བཞུད་བྱེད་ས་ནས་གར་སོང་མ་ཤེས་པར་བོར་བརླག་སོང་ཡོད་འདུག་ཅིང་། ཕྱིས་སུ་རྒྱ་ནག་གཞུང་གིས་སྲིད་གཞུང་མགོ་རྟིང་སློག་ཐབས་སུ་བརྩོན་པའི་དོག་ཟོན་འོག་བཀག་ཉར་བྱས་ཡོད་སྐོར་བརྗོད་ཡོད་འདུག དེ་རྗེས་ཕྱི་ཟླ་༩ པའི་ནང་རྒྱ་ནག་ཧུ་ནན་ཞིང་ཆེན་གྱི་ཁྲིམས་ཁང་ཞིག་ཏུ་ལཱིས་མི་ཆེ་ངོ་བཅར་བྱས་ཡོད་འདུག་ཀྱང་། སྤྱི་ཚོགས་དྲ་རྒྱ་བརྒྱུད་རྒྱ་ནག་ནང་ནུབ་ཕྱོགས་ཀྱི་མང་གཙོའི་ལམ་ལུགས་ཁྱབ་སྤེལ་དང་། རྒྱ་ནག་གཞུང་ལ་ངོ་རྒོལ་གྱི་མཆན་བཏབ་པ་བཅས་ཀྱི་ཐོག་ནས་སྲིད་གཞུང་མགོ་རྟིང་སློག་པའི་ཉེས་མིང་བཙུགས་ནས་མཐར་ལོ་ལྔའི་བཙོན་འཇུག་ཁྲིམས་གཅོད་བྱས་ཡོད་པ་རེད་འདུག །

གསར་འགོད་པ་བཀྲ་ཤིས་དོན་གྲུབ།

Print Friendly, PDF & Email
Share on Facebook0Tweet about this on TwitterShare on Google+0Share on LinkedIn0Email this to someone
0 commentsViews: 133

Leave a Reply